ཁི་ལོ་ཏི་ཡཱའི་ཙུང་ཐུང་མུས་ལཱ་ནོའུ་ཝེ་ཆི་ཡིས་ཚེས་བཅོ་ལྔ་ཉིན་དྲ་ཐོག་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཁོ་རང་ཁི་ལོ་ཏི་ཡཱའི་སྤྱི་ཚོགས་དམངས་གཙོ་ཏང་ནས་ཡོང་བའི་སྒེར་ཚུགས་ཀྱི་འདེམ་སྒུག་པ་ཞིག་ཡིན་པའི་ཆ་ནས་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་སྤེལ་རྒྱུ་ཡིན་པའི་ཁི་ལོ་ཏི་ཡཱའི་གྲོས་ཁང་གི་འདེམ་བསྐོ་ལ་ཞུགས་རྒྱུ་མ་ཟད། ཙུང་ལིའི་ལས་འགན་ལ་འགྲན་རྩོད་བྱེད་རྒྱུ་ཡིན་ཟེར།
མུས་ལཱ་ནོའུ་ཝེ་ཆི་ཡིས་བསྟན་དོན། ཁོ་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། ཁོས་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་རྗེས་ཙུང་ཐུང་གི་ལས་འགན་བསྐྱུར་ནས། ཁི་ལོ་ཏི་ཡཱའི་སྲིད་གཞུང་གི་ལས་འགན་ཁུར་དུ་ལེན་རྒྱུ་ཡིན་ཟེར། དེའི་སྔོན་ལ་ཁོས་རྩ་ཁྲིམས་གཞིར་བཟུང་ནས་མུ་མཐུད་དུ་ཁི་ལོ་ཏི་ཡཱའི་ཙུང་ཐུང་གི་ལས་འགན་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
མུས་ལཱ་ནོའུ་ཝེ་ཆི་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་དེས་ཁི་ལོ་ཏི་ཡཱ་རྒྱལ་ཡོངས་ཧ་ལས་སུ་བཅུག་པ་དང་། རྒྱུ་མཚན་ནི་ཙུང་ཐུང་གིས་ཙུང་ལིར་འགྲན་རྩོད་བྱེད་པའི་གནས་ཚུལ་དེ་ཁི་ལོ་ཏི་ཡཱའི་ལོ་རྒྱུས་སྟེང་སྔོན་ཆད་བྱུང་མ་མྱོང་བའི་གནས་ཚུལ་ཞིག་ཡིན་པ་རེད། སྤྱི་ཚོགས་དམངས་གཙོ་ཏང་མི་ཡིན་པའི་ཆ་ནས། མུས་ལཱ་ནོའུ་ཝེ་ཆི་ཡི་བྱ་སྤྱོད་དེས་མིག་སྔར་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱབ་སྐྱོར་ཆེན་པོ་ཐོབ་མེད་པའི་སྤྱི་ཚོགས་དམངས་གཙོ་ཏང་ལ་སྐུལ་མ་ཐེབས་སྲིད་པར་ཐེ་ཚོམ་མེད་ཀྱང་། རྩོད་གླེང་ཆེན་པོ་ཡང་འབྱུང་སྲིད། ཁི་ལོ་ཏི་ཡཱའི་རྩ་ཁྲིམས་ཆེད་མཁས་པ་པཱ་ལི་ཆི་ཡིས་སྨྱན་བྱད་ལ་བསྟན་དོན། ཁི་ལོ་ཏི་ཡཱའི་རྩ་ཁྲིམས་ཁྲིམས་ཁང་གིས་མུས་ལཱ་ནོའུ་ཝེ་ཆི་ལ་གསལ་བོར་བཤད་དགོས་པ་ཞིག་ནི། ཁོས་ཙུང་ཐུང་གི་ལས་འགན་བསྐྱུར་རྗེས་ད་གཟོད་ཙུང་ལིར་འགྲན་རྩོད་བྱས་ཆོག་པ་དེ་ཡིན་ཟེར།
དམངས་ཀྱི་འདོད་བློའི་རྟོག་ཞིབ་གཞི་གྲངས་ལྟར་ན། ཁི་ལོ་ཏི་ཡཱའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་ཡིས་མགོ་ཁྲིད་པའི་སྲིད་འཛིན་ཏང་ཁི་ལོ་ཏི་ཡཱའི་དམངས་གཙོ་གཅིག་མཐུན་ཚོགས་པའི་རྒྱབ་སྐྱོར་གྱི་ཚད་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་ལྔ་ཡིན་ལ། ཨང་དང་པོར་གནས་ཡོད་པ་དང་། སྤྱི་ཚོགས་དམངས་གཙོ་ཏང་གི་རྒྱབ་སྐྱོར་གྱི་ཚད་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་དགུ་ཡིན་པས་ཨང་གཉིས་པར་གནས་ཡོད།
མུས་ལཱ་ནོའུ་ཝེ་ཆི་ཡིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོར་ཁི་ལོ་ཏི་ཡཱའི་ཙུང་ཐུང་གི་འགན་ཁུར་བ་དང་། དེའི་སྔོན་ཁོས་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་གཉིས་པ་ནས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་བར་ཁི་ལོ་ཏི་ཡཱའི་ཙུང་ལིའི་འགན་ཁུར་མྱོང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།