མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་བཅོ་ལྔ་ཉིན་གྲོས་ཆོད་བཀོད་དེ། ཁོངས་གཏོགས་རྒྱལ་ཁབ་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་ནས་མུའུ་སི་ལིན་ལ་དམིགས་པའི་འཁོན་འཛིན་དང་དྲག་ཤུགས་གནོད་སྐྱེལ་བྱ་སྤྱོད་ལ་ཆམ་ཕབ་གཏོང་དགོས་པའི་སྐུལ་མ་བཏང་།
གྲོས་ཆོད་ལས་ཆོས་ལུགས་ཀྱི་འཁོན་སེམས་འུད་བརྗོད་བྱེད་པའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། མུའུ་སི་ལིན་གྱི་མཐོང་ཆུང་དང་དགྲར་འཛིན། དྲག་ཤུགས་བཅས་ལ་ངན་སྐུལ་བྱེད་པར་རྒོལ་གཏམ་གཏོང་བཞིན་ཡོད་ཟེར། གྲོས་ཆོད་ལས་ཁོངས་གཏོགས་རྒྱལ་ཁབ་དག་གིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་ནས་མུའུ་སི་ལིན་ཀྱི་འཁོན་འཛིན་དང་དྲག་ཤུགས་གནོད་སྐྱེལ་བྱ་སྤྱོད་ལ་ཆམ་ཕབ་གཏོང་དགོས་པར་མ་ཟད། བཅའ་ཁྲིམས་ཐད་ནས་ཆོས་ལུགས་དང་དད་མོས་དབང་གིས་དྲག་ཤུགས་དང་དྲག་ཤུགས་གནོད་སྐྱེལ་བྱ་སྤྱོད་ལ་ངན་སྐུལ་བྱེད་པ་གཏན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།
གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཆེད་མངག་ཕོ་ཉ་ཞིག་བསྐོ་འཇོག་བྱས་ནས་དབྱི་སི་ལན་གྱི་འཇིགས་ཉེན་སྣང་ཚུལ་ལ་ཆམ་ཕབ་གཏོང་དགོས་ཟེར། གྲོས་ཆོད་ལས་དྲུང་ཡིག་ཆེན་མོས་གྲོས་ཆོད་འདིའི་ལག་བསྟར་གནས་ཚུལ་དང་ཁོངས་གཏོགས་རྒྱལ་ཁབ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་དབྱི་སི་ལན་གྱི་འཇིགས་ཉེན་སྣང་ཚུལ་ལ་ཆམ་ཕབ་གཏོང་བའི་ཐད་སྤྱད་པའི་བྱེད་ཐབས་ཐད་ནས་སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་སྙན་ཞུ་སྤྲོད་དགོས་པའི་རེ་བ་བཏོན།
དབྱི་སི་ལན་གྱི་འཇིགས་ཉེན་སྣང་ཚུལ་ལ་ཆམ་ཕབ་གཏོང་བའི་བྱེད་ཐབས་ཞེས་པའི་གྲོས་ཆོད་འཆར་ཟིན་དེར་འདེམ་ཤོག་བརྒྱ་དང་བཅོ་ལྔ་ཡིད་འཐད་བྱུང་བ་དང་། ངོ་རྒོལ་བྱེད་མཁན་གཅིག་ཀྱང་མེད་ལ། འདེམ་ཤོག་ཞེ་བཞི་ཡིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་གྲོས་འཆམ་བྱུང་བ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱིས་གྲོས་ཆོད་འཆར་ཟིན་དེ་ལས་བཏོན་པའི་བཟོ་བཅོས་འཆར་ཟིན་གཉིས་ལ་གྲོས་མཐུན་བཀོད་མེད།
ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནི་དབྱི་སི་ལན་གྱི་འཇིགས་ཉེན་སྣང་ཚུལ་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་བསམ་བཞིན་དུ་ཉིན་དེར་གྲོས་ཆོད་འཆར་ཟིན་དེར་བརྡས་ཐག་གཅོད་པའི་བཀོད་སྒྲིག་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།