དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་པོར་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི18རྐྱེན་ལམ་དུ་ཤོར།
2024.03.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཕ་ལི་སི་ཐན་གསར་འགྱུར་ཁང་གིས་ཚེས16ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་པོར་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི18རྐྱེན་ལམ་དུ་ཤོར།

སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཚེས16ཉིན་གྱི་ཐོ་རེངས་ནས་བཟུང་ཅཱ་ཧྲ་ས་ཁུལ་བྱང་རྒྱུད་དུ་ཡོད་པའི་ཅཱ་ཧྲ་གྲོང་གི་སྡོད་ཁང་མང་པོར་བར་སྣང་ནས་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི8བསད་པ་དང་མི་མང་པོ་ཞིག་རོའི་འོག་ཏུ་མནན། ཅཱ་ཧྲའི་དབུས་རྒྱུད་ས་ཁུལ་མང་པོར་ཉིན་དེར་དབྱི་སི་རལ་དམག་དཔུང་གིས་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི7བསད་པ་དང་མི་10ལ་རྨས་སྐྱོན་བཟོས། གཞན་ཡང་དབྱི་སི་རལ་དམག་དཔུང་གིས་ད་དུང་ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་ཡི་སྡོད་ཁང་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི3བསད་ཡོད།

ཕ་ལི་སི་ཐན་ཅཱ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས16ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་དམག་དཔུང་གིས་འདས་ཟིན་པའི་ཆུ་ཚོད24རིང་ལ། ཅཱ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་ནས་མི63བསད་པ་དང་མི112ལ་རྨས་སྐྱོན་བཟོས་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།