ཟླ3པའི་ཚེས16ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏི་སའེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥ་ལ་ས་ངོས་ནས་ཕར་རྒོལ་བྱེད་རྩིས་ཡོད་པའི་འབྲེལ་ཡོད་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། དབྱི་སི་རལ་གྱིས་དམག་འཐབ་འཆར་གཞི་མེད་པར་བཟོ་དགོས་པའི་འབོད་སྐུལ་བཏང་།
ཐན་ཏི་སའེ་ཡིས་མི་འབོར་མང་བའི་ས་ཁུལ་དེར་དྲག་ཤུགས་རིམ་སྤོར་བྱས་པ་དེས། ཤི་རྨས་དང་སྡུག་བསྔལ་སྔར་ལས་གང་མང་ཡོང་རྒྱུ་ངེས་གཏན་ཡིན་ལ། ལྷག་པར་དུ་སྨན་བཅོས་སྒྲིག་ཆས་སྔར་ལས་འདང་ངེས་མེད་པའི་གནས་སྟངས་འོག་ཏུ་གནས་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་རྒྱུ་རེད། ཡུལ་གྱར་བ་མང་པོ་ཞིག་གཉོམ་ཆུང་ནུས་མེད་དང་ལྟོགས་སྐོམ་གྱིས་མནར་བཞིན་ཡོད་ལ། རྨས་སྐྱོན་ཕོག་ཏེ་ནད་ཀྱིས་མནར་བཞིན་ཡོད་པའི་དབང་གིས། ཡང་བསྐྱར་གནས་སྤོར་བྱེད་ཐབས་བྲལ་ཡོད་ཟེར།
ཐན་ཏི་སའེ་ཡིས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་འདི་སྔར་ལས་ཇེ་སྡུག་ཏུ་གཏན་ནས་འགྲོ་རུ་འཇུག་མི་རུང་། ཁོས“མིའི་རིགས་ཀྱི་མིང་ཐོག་ནས”དབྱི་སི་རལ་གྱིས་མུ་མཐུད་དུ་དམག་དོན་བྱ་སྤྱོད་མི་སྤེལ་བར། འབད་བརྩོན་ལ་བརྟེན་ནས་ཞི་བདེ་ཡོང་བར་བྱེད་དགོས་པའི་འབོད་སྐུལ་བཏང་།
དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུང་ཁང་གིས་ཚེས15ཉིན་དབྱི་སི་རལ་གྱི་དམག་འཁྲུག་སྐབས་ཀྱི་ནང་བློན་ཁང་གི་ཚོགས་འདུ་འཚོགས་རྗེས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཙུང་ལི་ནེ་ཐ་ཉིས་ཡ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་དམག་དཔུང་གིས་ལ་ཧྥ་ས་ཁུལ་ལ་དམག་བརྒྱབ་ཆོག་པའི་འཆར་གཞིར་ཆོག་མཆན་བྱིན་ཟེར། ཚེས15ཉིན་ཕ་ལི་སི་ཐན་གྱི་ཙུང་ཐུང་ལས་ཤག་གིས་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་ལ་ཧྥ་ས་ཁུལ་ལ་དམག་འཁྲུག་རྒྱག་རྩིས་ཡོད་པའི་ལས་དོན་དེར་མགྱོགས་མྱུར་ངང་ཐེ་གཏོགས་བྱས་ནས། དེ་བསྟུན་གྱི་འགན་འཁྲི་འཁུར་ནས། དབྱི་སི་རལ་གྱིས་ལ་ཧྥ་ས་ཁུལ་ལ“ཉེན་ཁ་ཆེ་བའི་བཙན་འཛུལ”གྱི་སྦྱོར་བ་རྩོམ་འཆར་ཡོད་པ་ལ་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཅིང་། ཉེན་ཁ་ཆེ་བའི་བཙན་འཛུལ་དེའི་རིགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་སྡུག་བསྔལ་སྔར་ལས་གང་མང་བཟོ་ངེས་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།