ཨ་ཧྥུའུ་ཧན་ལྷོ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ནས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།
2024.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་ནས་ཉིན་དེར་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་དང་འཕྲུལ་རྟ། སྣུམ་འདྲུད་རླངས་འཁོར་བཅས་ཐོ་བརྒྱབ་པའི་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག་ཡོད་ཟེར།

ཧི་ཨར་མན་ཏི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ལི་ཡཱ་ཙི་ཡིས་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་དུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་གཅིག་དང་འཕྲུལ་རྟ་གཅིག སྣུམ་འདྲུད་རླངས་འཁོར་གཅིག་བཅས་ཐོ་བརྒྱབ་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད། དོན་རྐྱེན་བྱུང་རྗེས་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཡུལ་དངོས་ནས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱས།

གཞན་ཡང་ཨ་ཧྥུའུ་ཧན་པཱ་ཧི་ཐཱ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་ལས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་བརྒྱད་ལ་རྨས་ཕོག་ཡོད་ཟེར།

ཨ་ཧྥུའུ་ཧན་དུ་ལོ་མང་བོར་བདེ་འཇགས་གནས་བབ་བསྟུད་མར་ཟང་ཟིང་དུ་གྱུར་བས་གཞུང་ལམ་སྒྲིག་ཆས་ཀྱི་འཛུགས་སྐྲུན་གོམ་སྟབས་དལ་བས། འགྲིམ་འགྲུལ་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།