འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས16ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། མིག་སྔར་སི་རི་ཡཱ་རུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བའི་མི་གྲངས་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་བདུན་ལ་བསླེབས་ཡོད་པ་དང་། ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་རྗེས་ཀྱི་དུས་སྐབས་གང་ལས་ཀྱང་མང་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ས་དཀྱིལ་མཚོ་ཁོངས་ཤར་མའི་ཀྲུའུ་རིན་པཱ་ལེ་ཞི་ཡིས་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། སི་རི་ཡཱའི་མི་རབས་གཅིག་འཐབ་འཁྲུག་ཁྲོད་སྐྱེས་པ་དང་། ཁོ་ཚོའི་འཚོ་བའི་ཁྲོད་ཟིང་འཁྲུག་དང་དབུལ་ཕོངས་ལས་མེད་ལ། གཅིག་རྗེས་གཉིས་མཐུད་དུ་གནོད་པ་ཐེབས་བཞིན་ཡོད་ཟེར།
གསར་འགྱུར་སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། སི་རི་ཡཱའི་མང་ཚོགས་ཀྱིས་འཐབ་འཁྲུག་གི་དཀའ་སྡུག་ཆེན་པོ་མྱངས་ཡོད་ལ། ན་ནིང་ཟླ་གཉིས་པའི་ས་ཡོམ་གྱིས་དཀའ་སྡུག་ཁ་སྣོན་བྱས་ཡོད་པར་མ་ཟད། ན་ནིང་ཟླ་བཅུ་བར་བྱུང་བའི་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་སི་རི་ཡཱ་དང་ཁྱད་པར་དུ་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་དང་ནུབ་བྱང་ས་ཁུལ་གྱི་བདེ་འཇགས་གནས་བབ་སྔར་ལས་གཏན་འཇགས་མིན་པར་བཏང་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་སི་རི་ཡཱ་རྒྱལ་ཡོངས་སུ་བརྒྱ་ཆའི་རེ་ལྔའི་སྨན་ཁང་དང་བརྒྱ་ཆའི་རེ་གཉིས་ཀྱི་དམའ་རིམ་འཕྲོད་བསྟེན་བདེ་སྲུང་སྒྲིག་ཆས་འཁོར་སྐྱོད་བྱེད་བཞིན་ཡོད། འཐབ་འཁྲུག་གིས་མང་ཚོགས་ཀྱི་སེམས་ཁམས་བདེ་ཐང་ལ་གནོད་པ་ཆེན་པོ་བཟོས་ཡོད་ལ། སེམས་ནད་བྱུང་ཚད་ཇེ་མཐོར་སོང་ཡོད། བཀག་སྡོམ་ལས་སི་རི་ཡཱའི་དཔལ་འབྱོར་ཉམས་ཉེན་ཚབས་ཆེན་ཏུ་བཏང་སྟེ། རྒྱལ་ནང་གི་དབུལ་ཕོངས་མི་གྲངས་བརྒྱ་ཆའི་དགུ་བཅུར་བསླེབས་ཡོད་པ་དང་། ཁོ་ཚོས་སྨན་བཅོས་བདེ་སྲུང་སོགས་ཀྱི་གཞི་རྩའི་ཞབས་ཞུ་ཁག་ཁུར་བྱེད་དཀའ་བར་གྱུར་ཡོད་ཟེར།
པཱ་ལེ་ཞི་ཡིས་བསྟན་དོན། ནུས་པ་གང་ཡོད་བཏོན་ནས་སི་རི་ཡཱའི་འཕྲོད་བསྟེན་མ་ལག་ལ་སྲུང་སྐྱོབ་དང་དེར་ཤུགས་སྣོན་བྱས་ནས། སི་རི་ཡཱའི་མིར་སྨན་བཅོས་བདེ་སྲུང་ཞབས་ཞུ་ཐོབ་ཐུབ་པ་དང་ཁག་ཁུར་ཐུབ་པར་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།