ཅོར་ཏན་དང་འཇར་མན་གྱིས་དབྱི་སི་རལ་གྱིས་ལཱ་ཧྥ་རུ་དཔུང་འཇུག་བྱས་ན་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཉམས་ཉེན་ཇེ་སྡུག་ཏུ་གཏོང་སྲིད་པའི་ཉེན་བརྡ་བཏང་།
2024.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཅོར་ཏན་འཕྲིན་གཏོང་ཁང་གིས་ཚེས17ཉིན་བསྒྲགས་པ་ལྟར་ན། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་ཡཱ་ཁཱ་པཱ་ནས་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་དབྱི་སི་རལ་གྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱས་ན་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཉམས་ཉེན་ཇེ་སྡུག་ཏུ་གཏོང་སྲིད་པའི་ཉེན་བརྡ་བཏང་།

བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་ཧྲའོ་ཨར་ཚི་གཉིས་ཀྱིས་ཅཱ་ཧྲའི་གནས་བབ་འཕེལ་རྒྱས་ཐད་ནས་གྲོས་བསྡུར་བྱས། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་འགུལ་སྐྱོད་སྤེལ་ནས། མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་ཡུན་རིང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་ལ། དེའི་ཞོར་དུ་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པ་དང་། རང་ནུས་ཅི་ཡོད་ཀྱིས་ཅཱ་ཧྲ་ས་ཁུལ་དུ་རྒྱུན་མཐུད་ངང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདང་ཚིམས་པ་འདོན་སྤྲོད་བྱས་ཏེ་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་བྱ་བར་རྒྱབ་སྐྱོར་བྱེད་མཚམས་བཞག་ན། ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ། ཅོར་ཏན་བཅས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་ཟེར།

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་བསྟན་དོན། ཅོར་ཏན་གྱིས་བཙན་ཤེད་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་མི་དམངས་གནས་སྤོར་བྱེད་དུ་འཇུག་པའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་པ་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་ཁ་ཁར་བྱེད་པའི་གཡོ་ཇུས་གང་རུང་དང་ལེན་བྱེད་མི་སྲིད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནན་ཏན་གྱིས་ནུས་ལྡན་འགུལ་སྐྱོད་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་དྲང་བདེན་དང་ཕྱོགས་ཡོངས་ཞི་བདེ་མངོན་འགྱུར་བྱེད་ཆེད་ཆབ་སྲིད་ཀྱི་མདུན་ལྗོངས་འཚོལ་དགོས་པའི་རེ་བ་བཏོན།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་ལཱ་ཧྥ་གྲོང་ཁྱེར་གྱི་འཐབ་འཁྲུག་འཆར་གཞིར་ཆོག་མཆན་བཀོད། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་ཐེ་གཏོགས་དང་འགན་འཁྲི་ཁུར་དུ་བླངས་ནས། དབྱི་སི་རལ་གྱིས་ལཱ་ཧྥ་གྲོང་ཁྱེར་དུ་ཉེན་ཁའི་འཇབ་རྒོལ་བྱེད་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། བཙན་འཛུལ་དེས་ཅ་ཧྲ་ས་ཁུལ་གྱི་མི་དམངས་ལ་སྔར་ལས་ཆེ་བའི་དཀའ་སྡུག་བཟོ་སྲིད་པའི་ཚུལ་བསྟན།

ཧྲའོ་ཨར་ཚི་ཚེས་བཅུ་དྲུག་ཉིན་ཡཱ་ཁཱ་པཱ་རུ་འབྱོར་ནས་ཅོར་ཏན་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཚེས་བཅུ་བདུན་ཉིན་དབྱི་སི་རལ་དུ་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།