དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་འགས་གཏོར་བཏང་སྟེ་ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།
2024.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་གྱི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར།

ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་ས་དང་པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་སར་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་གཅིག་བསྡུས་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་ཟེར།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་པཱ་ཞིའི་ཕྱི་འབྲེལ་བློན་ཆེན་ཝེ་ཨེ་ལཱ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། མིག་སྔའི་ལས་འགན་གཙོ་བོ་ནི་དབྱི་སི་རལ་གྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱེད་པར་བཀག་འགོག་བྱེད་རྒྱུ་དེ་ཡིན་ཟེར། ཨ་པཱ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་རྒྱུ་ལམ་ཚང་མ་སྒོ་འབྱེད་ནས་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་དུ་འཇུག་དགོས་པའི་རེ་བ་འདོན་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།