ཧེ་ཐིའི་ཉེན་རྟོག་ཕྱོགས་དང་ནག་ཚོགས་རྩ་འཛུགས་ཀྱིས་འཁྲུག་རྩོད་བྱས།
2024.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧེ་ཐིའི་རྒྱལ་ཁབ་ཉེན་རྟོག་གིས་ཚེས་བཅུ་དྲུག་ཉིན་དྲ་ཐོག་ཏུ་གནས་ཚུལ་སྤེལ་ཏེ། ཧེ་ཐིའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ས་རྒྱལ་སྲས་གྲུ་ཁའི་ཏི་ཨར་མཱ་སྡེ་ཁུལ་ནས་ནག་ཚོགས་རྩ་འཛུགས་བར་འཁྲུག་རྩོད་བྱས་ནས། ནག་ཚོགས་ཀྱི་ཁོངས་མི་མང་བོ་བསད་ཡོད་ཟེར་ཡང་། ཉེན་རྟོག་ཕྱོགས་ཀྱིས་ནག་ཚོགས་ཀྱི་མི་ག་ཚོད་བསད་པ་བྱེ་བྲག་ཏུ་གསལ་བོར་བཤད་མེད།

བསྒྲགས་པ་ལྟར་ན། ཐེངས་འདིའི་འགུལ་སྐྱོད་ལ་བརྟེན་ནས་ཧེ་ཐིའི་ཉེན་རྟོག་ཕྱོགས་ཀྱིས་ནག་ཚོགས་ཀྱིས་ཚོད་འཛིན་བྱེད་པའི་ཏི་ཨར་མཱ་སྡེ་ཁུལ་གྱི་གཞུང་ལམ་བཀག་རྒྱ་མེད་པར་བཏང་བ་དང་། ནག་ཚོགས་ཀྱི་མེ་མདའ་མང་བོ་གཞུང་བཞེས་བྱས་ཡོད་ལ། ཉེན་རྟོག་ཕྱོགས་ཀྱིས་འཐབ་ཇུས་གསར་བ་བཀོད་སྒྲིག་བྱས་ཏེ། ཉེ་སྔོན་ནག་ཚོགས་ཀྱིས་བཙན་བཟུང་བྱས་པའི་ས་ཁུལ་ཕྱིར་འཕྲོག་ལེན་བྱེད་བཞིན་ཡོད་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ནག་ཚོགས་རྩ་འཛུགས་ཀྱིས་ཚེས་བཅུ་དྲུག་ཉིན་རྒྱལ་སྲས་གྲུ་ཁའི་སྲང་ལམ་གཙོ་བོ་ནས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་བསྡུས་ཡོད་པའི་དངོས་ཟོང་སྒམ་མང་བོ་བཙན་ཁྲིད་བྱས་པ་དང་། ཧེ་ཐིའི་ཉེན་རྟོག་ཕྱོགས་ཀྱིས་འགུལ་སྐྱོད་གཞན་ཞིག་སྤེལ་ནས་སྲང་ལམ་གཙོ་བོའི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱེད་བཞིན་ཡོད་ཟེར།

ཧེ་ཐིའི་བདེ་འཇགས་གནས་བབ་ཉེ་སྔོན་བསྟུད་མར་ཇེ་སྡུག་ཏུ་སོང་། ད་ལོའི་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་ནས་བཟུང་། ཧེ་ཐིའི་ནག་ཚོགས་རྩ་འཛུགས་མང་བོས་རྒྱལ་སྲས་གྲུ་ཁའི་ཉེན་རྟོག་ཅུའུ་དང་རྒྱལ་སྤྱིའི་གནམ་གྲུ་ཐང་སོགས་སྤྱི་བའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཏེ། ཙུང་ལི་ཨ་ལི་ཨེ་ཨར་ཧིན་ལེ་ཡིས་ལས་འགན་བསྐྱུར་དགོས་པའི་རེ་བ་བཏོན།

ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར། ཧིན་ལེ་ཡིས་ཧེ་ཐིའི་སྲིད་གཞུང་གིས་བར་བརྒལ་ཙུང་ཐུང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་བཙུགས་རྗེས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།