ཕཱ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་མངའ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པས་ཨ་ཧྥུའུ་ཧན་གྱིས་རྒོལ་གཏམ་བཏང་།
2024.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཉིན་དེའི་ཞོགས་པར་ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱི་མཐའ་མཚམས་ས་ཁུལ་གྱི་ཨ་ཧྥུའུ་ཧན་མངའ་ཁོངས་སུ་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་བ་དང་། ཆམ་ཕབ་གཏོང་སའི་དམིགས་འབེན་ནི་ཕཱ་ཁི་སི་ཐན་ཐཱ་ལེ་པན་རྩ་འཛུགས་ཀྱི་ཕཱ་ཁི་སི་ཐན་མངའ་ཁོངས་སུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་དུ་བཟོས་པའི་འཇིགས་སྐུལ་ཉེས་ཅན་ཡིན་པ་རེད། ཉིན་དེར་ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་ཕཱ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་ལ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། ཨ་ཧྥུའུ་ཧན་མངའ་ཁོངས་སུ་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་ཡོད་པ་ཁས་ལེན་མ་བྱས།

ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིར་ཆམ་ཕབ་བཏང་བའི་འཇིགས་སྐུལ་ཉེས་ཅན་དག་གིས་སྔོན་ཆད་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་ནས་འཇིགས་སྐུལ་འཇབ་རྒོལ་ཐེངས་མང་སྤེལ་ནས། མི་སེར་དཀྱུས་མ་དང་ཁྲིམས་བསྟར་མི་སྣ་བརྒྱ་ཕྲག་འགའ་བསད་ཡོད་ཟེར། ཆེས་ཉེ་བའི་ཐེངས་ཤིག་ནི་ཚེས་བཅུ་དྲུག་ཉིན་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་གྱི་བདེ་འཇགས་དམག་དཔུང་གི་སོ་ལྟ་ཁང་ཞིག་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་དེ་ཡིན་པ་དང་། དེ་ལས་ཕཱ་ཁི་སི་ཐན་གྱི་དམག་མི་བདུན་བསད་ཡོད་ཟེར། ལོ་ངོ་གཉིས་ལྷག་གི་རིང་ལ་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཐེངས་མང་བོར་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་ལ་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་སུ་ཡོད་པའི་འཇིགས་སྐུལ་རྩ་འཛུགས་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། འཇིགས་སྐུལ་ཉེས་ཅན་དེ་དག་གིས་ཕཱ་ཁི་སི་ཐན་གྱི་བདེ་འཇགས་ཐད་ཉེན་ཁ་ཆེན་པོ་བཟོས་ཡོད་པར་མ་ཟད། ཨ་ཧྥུའུ་ཧན་གྱི་མངའ་ཁོངས་བེད་སྤྱད་ནས་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་སུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད་ཟེར།

ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས་བཅོ་བརྒྱད་ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས། ཨ་ཧྥུའུ་ཧན་གྱིས་མཇུག་འབྲས་ལ་ཁ་ཡ་མི་བྱེད་པའི་བྱ་སྤྱོད་དེ་རིགས་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་ལ་བཙན་འཛུལ་བྱས་པའི་ཉེས་སྤྱོད་དུ་བརྩིས་ནས་རྒོལ་གཏམ་གཏོང་ངེས་ཡིན་ཟེར། གསལ་སྒྲོག་དེ་ལས་བཤད་རྒྱུར། ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་ཡས་མས་སུ། ཕཱ་ཁི་སི་ཐན་ཕྱོགས་ཀྱི་གནམ་གྲུས་ཨ་ཧྥུའུ་ཧན་གྱི་ཕཱ་ཁི་ཐིས་ཁཱ་ཞིང་ཆེན་གྱི་པཱ་ཨར་མཱ་ཨར་ས་ཁུལ་དང་ཧའོ་སི་ཐི་ཞིང་ཆེན་གྱི་སཱ་ཕཱ་ལི་ས་ཁུལ་གྱི་མི་སེར་དཀྱུས་མའི་སྡོད་ཁང་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་འགའ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཉིན་དེའི་སྔ་དྲོར། ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོ་ནས་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པའི་བར་རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་དུ་འཇིགས་སྐུལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་སྐབས་འཇིགས་སྐུལ་ཉེས་ཅན་བརྒྱད་བསད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།