ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་བཞིའི་དངུལ་ལོར་རྒྱབ་སྐྱོར་འདོན་སྤྲོད་བྱེད་པར་ཡིད་འཐད་བྱུང་ཡོད་པའི་ཚུལ་བསྟན།
2024.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིན་དེར་ཨེ་ཅིབ་ལ་ཡོ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་བཞིའི་དངུལ་ལོར་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས་ཨེ་ཅིབ་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་འཆར་གཞིར་ཡིད་འཐད་བྱུང་ཡོད་ཟེར།

སེ་ཞི་ཡིས་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མོ་རིམ་དཔོན་པོ་གཞོན་པ་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་ཇུས་གཞི་དེ་ཁྱབ་བསྒྲགས་བྱས་པ་རེད། ཁོས་བསྟན་དོ། དངུལ་ལོར་འཆར་གཞི་དེ་གཙོ་བོ་ཨེ་ཅིབ་དཔལ་འབྱོར་གྱི་ཕྱོགས་གསུམ་ལ་འབྲེལ་ཡོད་དེ། གཟིགས་སྐྱོང་དངུལ་གསོག་དང་དངུལ་གཏོང་ཁག་ཁུར། ཕྱོགས་གཉིས་ཀྱི་མཉམ་ལས་ལས་གཞི་ལག་བསྟར་བྱེད་པའི་ལག་རྩལ་རྒྱབ་སྐྱོར་བཅས་ཡིན་ཟེར།

སེ་ཞི་ཡིས་བཤད་རྒྱུར། ང་ཚོས་ནུས་ཁུངས་དེ་གནད་འགག་གི་མཉམ་ལས་ཁྱབ་ཁོངས་སུ་བྱས་ཡོད་ལ། ཁྱད་པར་དུ་རང་བྱུང་སོལ་རླངས་དང་གློག་ཤུགས་ཀྱི་གཅིག་འབྲེལ་གཅིག་བརྟེན་ལ་གྲོས་བསྡུར་བྱས་པ་ཡིན། ཕྱོགས་གཉིས་ཀྱིས་ལྷད་མེད་ཆིང་ཐོན་སྐྱེད་བྱེད་པའི་ཐད་ནས་མཉམ་ལས་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨེ་ཅིབ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་ཉིས་སྟོང་ཉེར་བཞི་ལོའི་ལོ་སྨད་དུ་མཉམ་འབྲེལ་དངུལ་གཏོང་གྲོས་ཚོགས་བསྡུ་བརྩིས་ཡོད་པ་དང་། ཡོ་རོབ་གླིང་གི་ཀུང་ཟི་སྔར་ལས་མང་བོ་ཨེ་ཅིབ་ཀྱི་ཚོང་བར་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།