ཨེ་སོ་ནི་ཡཱ་ཡིས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་གཅིག་མཐར་སྐྲོད་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
2024.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་སོ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས19ཉིན་ཨེ་སོ་ནི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གནས་སྐབས་གཞུང་ཚབ་པར་ཐུག་འཕྲད་བྱས་པར་མ་ཟད། ཕྱི་འབྲེལ་གྱི་ཐོབ་ཐང་ཡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་ལས་ཁུངས་ཀྱི་གླས་མི་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས།

ཨེ་སོ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། ཨེ་སོ་ནི་ཡཱ་ཕྱོགས་ཀྱིས་དངོས་གཞིའི་གྲོས་ཚོགས་སྐབས་སུ་བསྟན་དོན། ཨེ་སོ་ནི་ཡཱ་ཡིས་རང་གི་སྒེར་ཚུགས་དང་བདག་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་བཟོད་སྒོམ་བྱེད་མི་སྲིད་པ་དང་། དེའི་ཞོར་དུ་ཨུ་རུ་སིའི་ཕྱོགས་ཀྱིས་ངེས་པར་དུ་གསང་འཕྲིན་སྡེ་ཁག་གི་ཨེ་སོ་ནི་ཡཱའི་བདེ་འཇགས་ལ་དམིགས་ནས་སྤེལ་བའི་འགུལ་སྐྱོད་མཚམས་འཇོག་དགོས་པ་ནན་བཤད་བྱས།

ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། ཨེ་སོ་ནི་ཡཱ་ཡིས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པའི་ཐད་ནས་ཨུ་རུ་སི་ཡིས་དགོས་ངེས་ཀྱི་རྣམ་འགྱུར་སྟོན་རྒྱུ་ཡིན་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨེ་སོ་ནི་ཡཱའི་བདེ་འཇགས་སྡེ་ཁག་གིས་ན་ནིང་ཟླ12པ་ནས་ད་ལོའི་ཟླ2པའི་བར་ཨུ་རུ་སིའི་གསང་འཕྲིན་སྡེ་ཁག་ལ་བྱ་བ་བསྒྲུབ་པའི་དོགས་གཞི་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་མི་བཅུ་འཛིན་བཟུང་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།