ཡེ་མིན་ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁའི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་མཚོ་དམར་སྟེང་བགྲོད་བཞིན་པའི་ཨ་མེ་རི་ཁའི་གྲུ་གཟིངས་མཱ་ཏའོ་རྟགས་ཅན་ལ་འཕུར་མདའ་འགའ་གཏོང་འཕེན་བྱས་ཟེར།

སཱ་ལོས་ཡཱ་ཡིས་འཇབ་རྒོལ་བྱས་པའི་བྱེ་བྲག་གི་དུས་ཚོད་གསལ་བོར་བཤད་མེད། སཱ་ལོས་ཡཱ་ཡིས་ད་རུང་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་འཕུར་མདའ་བཀོལ་ནས་དབྱི་སི་རལ་གྱི་མཚོ་དམར་མཚོ་ཁོངས་ཀྱི་ཨེ་ལཱ་ཐི་གྲོང་ཁྱེར་ལ་དཔུང་འཇུག་བྱས་པ་དང་། དམིགས་འབེན་ལ་གནད་ལ་ཕོག་པའི་ཆམ་ཕབ་བཏང་ཡོད་ཟེར།

འབྲེལ་ཡོད་ཀྱི་མཚོ་འགྲུལ་གནས་ཚུལ་དྲ་བ་ལས་མངོན་པ་ལྟར་ན། མཱ་ཏའོ་རྟགས་ཅན་གྱི་གྲུ་གཟིངས་ནི་མཱ་ཧྲའོ་ཨར་གླིང་ཚོམས་རྒྱལ་ཁབ་ཀྱི་རྒྱལ་དར་བཀལ་ཞིང་ཞི་ལཱའི་ཀུང་ཟི་ཞིག་གིས་ཚོང་གཉེར་བྱེད་པའི་གཤེར་གཟུགས་རང་བྱུང་སོལ་རླངས་ཀྱི་གྲུ་གཟིངས་ཤིག་ཡིན་པ་དང་། ད་ལོའི་ཟླ་གཉིས་པའི་སྔོན་ལ། གྲུ་གཟིངས་དེ་ནམ་རྒྱུན་ཨ་མེ་རི་ཁའི་ཨེ་ཁི་སིན་མཱེ་ཧྥུའུ་རྡོ་སྣུམ་ཀུང་ཟིས་ཚོང་གཉེར་བྱེད་བཞིན་ཡོད་པ་རེད།

དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་དེའི་སྔོན་སྙན་ཞུ་སྤེལ་ཏེ། མཱ་ཏའོ་རྟགས་ཅན་གྱི་གྲུ་གཟིངས་དེར་ཚེས15ཉིན་མཚོ་དམར་མཚོ་ཁོངས་དང་། ཚེས17ཉིན་ཡཱ་ཏེན་མཚོ་ཁུགས་ནས་ཐེངས་གཉིས་ལ་འཕུར་མདའི་འཇབ་རྒོལ་ཐེབས་ཀྱང་། མི་སྣར་ཤི་རྨས་དང་གྲུ་གཟིངས་ལ་གཏོར་བརླག་ཐེབས་མེད་ཟེར།

གཞན་ཡང་དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དོགས་ཡོད་འཕུར་ཆས་ཤིག་ཉིན་དེའི་དགོང་མོར་མཚོ་དམར་མཚོ་ཁོངས་ཀྱི་དབྱི་སི་རལ་གྱི་མངའ་ཁོངས་སུ་ཡོང་བ་དང་། ཨེ་ལཱ་ཐི་བྱང་ངོས་ཀྱི་ས་སྟོང་ཞིག་ཏུ་ལྷུང་བས། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བཟོས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།