ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་སོ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་སྤེལ་ནས། ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་ཞིག་རོའི་འོག་ཏུ་མནན་ཡོད་ཟེར། ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅེ་པཱ་ལེ་ཡེ་ཡུལ་གྱར་པའི་སྒར་སའི་རྒུད་སྐྱོབ་དངོས་རྫས་གསོག་ཉར་བྱེད་ས་ཞིག་ལ་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ད་རུང་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་སྡོད་ཁང་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར།
གཞན་ཡང་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས19ཉིན་མུ་མཐུད་དུ་ཅཱ་ཧྲའི་ཆེས་ཆེ་བའི་སྨན་ཁང་ཞི་ཧྥ་སྨན་ཁང་གི་མཐའ་བསྐོར་ནས་དཔུང་འཇུག་བྱས་ཟེར། དབྱི་སི་རལ་གྱི་དམག་དཔུང་གི་གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཞི་ཧྥ་སྨན་ཁང་གི་དམག་དོན་འགུལ་སྐྱོད་ཁྲོད་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་ལྔ་བཅུ་བསད་པ་དང་། ཉུང་མཐར་ཡང་མི་བརྒྱ་དང་བརྒྱད་ཅུ་འཛིན་བཟུང་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།