ཕུའུ་ལཱ་པའོ་བོ་དངོས་སུ་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་དུ་བདམས་ཐོན་བྱུང་།
2024.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧིན་རྡུ་ཉི་ཞི་ཡཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུ་ཉིན་ཙུང་ཐུང་འདེམ་བསྐོའི་ཆེས་མཇུག་མཐའི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། ད་ལྟའི་རྒྱལ་སྲུང་པུའུ་ཀྲང་ཕུའུ་ལཱ་པའོ་བོ་དང་ཁོའི་འགྲན་རོགས། ད་ལྟའི་ཙུང་ཐུང་ཙོ་ཁིའི་བུ་ཆེ་བ། ཅོན་ལོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཅི་པུའུ་ལན་གཉིས་ལ་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་ལྔ་བརྒྱད་ཀྱི་འདེམ་ཤོག་ཐོབ་ནས་རྒྱལ་ཁ་ཐོབ་སྟེ། སྐབས་རྗེས་མའི་ཙུང་ཐུང་དང་ཙུང་ཐུང་གཞོན་པར་བདམས་པ་རེད།

དབྱེ་ཞིབ་མི་སྣས་བལྟས་ན། ཕུའུ་ལཱ་པའོ་བོར་རྒྱལ་ཁ་ཐོབ་པ་ལས་འདེམ་དམངས་མང་བོས་ཙོ་ཁིའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམངས་ཀྱི་ཕན་བདེ་ཇེ་མཐོར་གཏོང་བ་བཅས་ལ་རེ་སྒུག་ཆེན་པོ་བྱེད་བཞིན་པ་མཚོན་ཡོད་པར་འདོད།

ཙུང་ཐུང་འདེམ་བསྐོ་དང་བཅས་པའི་ཉིས་སྟོང་ཉེར་བཞི་ལོའི་ཧིན་རྡུ་ཉི་ཞི་ཡཱའི་འདེམ་བསྐོ་ཆེན་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན་སྤེལ་བ་ཡིན་ལ། ཕུའུ་ལཱ་པའོ་བོ་ཡི་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོ་དེ་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་གསར་བ་ནོའུ་ཧྲན་ཐཱ་ལཱ་ནས་སྤེལ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།