ཕུའུ་ཅིན་གྱིས་ཨུ་རུ་སི་གསར་བ་ཞིག་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉི་ཤུ་ཉིན་མའོ་སི་ཁོ་ཡི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཁོའི་འགྲན་རྩོད་ཚོགས་ཁག་གི་འཐུས་མིར་ཐུག་འཕྲད་བྱེད་སྐབས། མཉམ་དུ་ཨུ་རུ་སི་གསར་བ་ཞིག་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕུའུ་ཅིན་གྱིས་གཏམ་བཤད་སྤེལ་སྐབས་ཨུ་རུ་སིའི་འདེམ་དམངས་དང་སྤྱི་དམངས་ཀྱིས་ཡིད་ཆེས་བྱས་པར་བཀའ་དྲིན་ཞུས་པ་དང་། འདེམ་ཤོག་འཕངས་པའི་མཇུག་འབྲས་ལས་ཨུ་རུ་སིའི་མང་ཚོགས་ཀྱིས་རང་ཉིད་ཀྱི་འགྲན་རྩོད་ཚོགས་ཁག་གི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་བདེན་དཔང་བྱེད་ཐུབ་ཟེར། ཕུའུ་ཅིན་གྱིས་བསྟན་དོན། དེའི་དབང་གིས་ཁོས་རང་ཉིད་ཀྱི་འགན་འཁྲི་སྔར་ལས་ཇེ་ཆེར་སོང་བའི་ཚོར་སྣང་ཡོད། རྒྱུ་མཚན་ནི་མང་ཚོགས་ཀྱིས་ཁོས་ཟླ་གཉིས་པར་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུའི་ནང་གི་ནང་དོན་དག་དངོས་འབེབས་བྱེད་པར་རེ་སྒུག་བྱས་ཡོད་པས་ཡིན་ཟེར།

ཕུའུ་ཅིན་གྱིས་འགྲན་རྩོད་ཚོགས་ཁག་གི་འཐུས་མིས་ཨུ་རུ་སིའི་སྲིད་གཞུང་དང་མཉམ་དུ། དཔལ་འབྱོར་དང་རྒྱལ་སྲུང་། སྒྱུ་རྩལ། རྒྱལ་ནང་གི་ཆབ་སྲིད། རྒྱལ་ཁབ་ལས་ཁུངས་ཀྱི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་ཨུ་རུ་སི་གསར་བ་ཞིག་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་དེ་སྔར་ལས་སྟོབས་ལྡན་དང་འགུག་ཤུགས་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་ཆབ་སྲིད་ལས་རིགས་དང་རིག་གནས་ལས་རིགས། སྒྱུ་རྩལ་ལས་རིགས། ཚན་རིག་ལས་རིགས། མི་སྣ་སྐད་གྲགས་ཅན། སྨྱན་བྱད་ཀྱི་འཐུས་མི་སོགས་མི་ལྔ་བརྒྱ་ལྷག་ཐུག་འཕྲད་ལ་ཞུགས།

ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་བརྒྱད་ཉིན་སྤེལ་བའི་ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་བརྒྱ་ཆའི་བརྒྱའི་འདེམ་ཤོག་བསྡོམས་རྩིས་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། ད་ལྟའི་ཙུང་ཐུང་ཕུའུ་ཅིན་ལ་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་གཉིས་བརྒྱད་ལ་བསླེབས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།