ཅོར་ཏན་གྱིས་རྒྱལ་ཁབ་མང་བོར་མཉམ་འབྲེལ་བྱས་ཏེ་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་ཟས་རིགས་འཕེན་པའི་འགུལ་སྐྱོད་སྤེལ།
2024.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅོར་ཏན་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཅོར་ཏན་དྲག་ཆས་དམག་དཔུང་གིས་ཉིན་དེར་རྒྱལ་ཁབ་མང་བོར་མཉམ་འབྲེལ་བྱས་ཏེ་ཅཱ་ཧྲའི་བྱང་ཕྱོགས་སུ་བར་སྣང་ནས་ཟས་རིགས་འཕེན་པའི་འགུལ་སྐྱོད་ཐེངས་དྲུག་སྤེལ་བ་རེད་ཟེར།

བསྒྲགས་པ་ལྟར་ན། བསྡོམས་པས་གནམ་གྲུ་དྲུག་ཐེངས་འདིའི་འགུལ་སྐྱོད་ནང་ཞུགས་ཡོད་ལ། ཅོར་ཏན་དང་ཨེ་ཅིབ། འཇར་མན། སིང་ག་ཕོར་བཅས་ཀྱིས་སོ་སོར་གནམ་གྲུ་གཅིག་རེ་འདོན་སྤྲོད་བྱས་པ་དང་། གནམ་གྲུ་གཞན་པ་གཉིས་ནི་ཨ་མེ་རི་ཁ་ནས་ཡོང་བ་རེད། སིང་ག་ཕོར་ནི་ཐོག་དང་པོར་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་རྒུད་སྐྱོབ་དངོས་རྫས་འཕེན་པའི་འགུལ་སྐྱོད་ནང་ཞུགས་པ་རེད། ཅོར་ཏན་གྱིས་རྒྱལ་ཁབ་སྔར་ལས་མང་བོ་ཅཱ་ཧྲ་ས་ཁུལ་དུ་ཟས་རིགས་ཀྱི་རྒུད་སྐྱོབ་དངོས་རྫས་སྟེར་བའི་འགུལ་སྐྱོད་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་།

ཅོར་ཏན་དྲག་ཆས་དམག་དཔུང་གིས་བཤད་རྒྱུར། མུ་མཐུད་དུ་རོགས་སྐྱོར་དངོས་རྫས་དག་ཅོར་ཏན་གྱི་མཱ་ཨར་ཁཱ་གནམ་གྲུ་ཐང་ནས་ཨེ་ཅིབ་ཀྱི་ཨ་ལི་ཧྲི་གནམ་གྲུ་ཐང་དུ་སྐྱེལ་འདྲེན་བྱས་ཏེ། བར་སྣང་ནས་འཕེན་པའམ་སྐམ་ས་བརྒྱུད་དེ་སྐྱེལ་འདྲེན་བྱེད་པའི་ཐབས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་སྨན་བཅོས་མཁོ་དངོས་བསྐྱལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།