མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་སྙན་ཞུ་ལས་ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་སུ་གློག་རྡུལ་གད་སྙིགས་ཏུན་བྱེ་བ་དྲུག་དང་ས་ཡ་གཉིས་བྱུང་ཡོད་པའི་ཚུལ་བསྟན།
2024.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཚེས་ཉི་ཤུ་ཉིན་སྤེལ་བའི་འཛམ་གླིང་ཡོངས་ཀྱི་གློག་རྡུལ་གད་སྙིགས་ལྟ་ཞིབ་ཚད་འཇལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་བསྡོམས་པས་གློག་རྡུལ་གད་སྙིགས་ཏུན་བྱེ་བ་དྲུག་དང་ས་ཡ་གཉིས་བྱུང་པ་དང་། དེའི་ནང་བཞི་ཆའི་གཅིག་མ་གཏོགས་ཕྱིར་བསྡུ་བེད་སྤྱོད་བྱས་མེད་ཟེར།

རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྦྱོང་བརྡར་ཁང་གིས་མཉམ་དུ་སྤེལ་བའི་སྙན་ཞུ་དེ་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་ཀྱི་གློག་རྡུལ་གད་སྙིགས་བྱུང་ཚད་ཉིས་སྟོང་བཅུ་ལོ་ལས་བརྒྱ་ཆའི་གྱ་གཉིས་འཕར་ཡོད་པ་དང་། གློག་རྡུལ་གད་སྙིགས་ཀྱི་འཕར་ཚད་དེ་ཕྱིར་བསྡུ་བྱས་ཚད་ལས་མགྱོགས་པར་མངོན། ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་སུ་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་གསུམ་གྱི་གློག་རྡུལ་གད་སྙིགས་ཙམ་མ་གཏོགས་ཕྱིར་བསྡུ་བེད་སྤྱོད་བྱས་མེད། དེ་ལས་རིན་ཐང་མེ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་གཉིས་ཀྱི་ཕྱིར་བསྡུ་ཆོག་པའི་ཐོན་ཁུངས་ཤོར་བ་མཚོན་ཡོད། གནོད་པའི་རྫས་མང་དུ་འདུས་པའི་གློག་རྡུལ་གད་སྙིགས་ཐག་གཅོད་འོས་འཚམ་མ་བྱས་ན། སྐྱེ་ཁམས་ཁོར་ཡུག་དང་མིའི་རིགས་ཀྱི་བདེ་ཐང་ལ་འཇིགས་ཉེན་ཆེན་པོ་བཟོ་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སྦྱོང་བརྡར་ཁང་གི་ལག་བསྟར་ཀྲུའུ་རིན་སེ་ཐི་ཡིས་ནན་གྱིས་བསྟན་དོན། ཉི་འོད་ནུས་པའི་གློག་བསྡུས་ཤེལ་ལེབ་དང་གློག་རྡུལ་སྒྲིག་ཆས་བེད་སྤྱོད་གང་ལེགས་བྱས་ནས་ནམ་ཟླའི་ཉམས་ཉེན་ཐག་གཅོད་བྱེད་པ་དང་གཞི་གྲངས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྐབས་སུ། གློག་རྡུལ་གད་སྙིགས་ཇེ་མང་འགྲོ་བཞིན་བཞིན་པར་ངེས་པར་དུ་དོ་སྣང་བྱེད་དགོས་ཟེར།

སྙན་ཞུ་དེ་ལས་ད་རུང་ཚོད་དཔག་བྱས་དོན། མིག་སྔའི་འཕེལ་རྒྱས་གནས་བབ་ལྟར་ན། ཉིས་སྟོང་སུམ་ཅུ་ལོའི་བར་གློག་རྡུལ་གད་སྙིགས་ཀྱི་ཐོན་ཚད་ཉིས་སྟོང་ཉེར་གཉིས་ལོ་ལས་བརྒྱ་ཆའི་སོ་གསུམ་འཕར་ནས། ཏུན་བྱེ་བ་བརྒྱད་དང་ས་ཡ་གཉིས་ལ་བསླེབས་སྲིད། དེའི་ཞོར་དུ་ཉིས་སྟོང་སུམ་ཅུ་ལོའི་བར་འཛམ་གླིང་ཡོངས་ཀྱི་གློག་རྡུལ་གད་སྙིགས་ཕྱིར་བསྡུ་བེད་སྤྱོད་བྱེད་ཚད་བརྒྱ་ཆའི་ཉི་ཤུར་ཇེ་དམའ་རུ་འགྲོ་སྲིད་ཟེར། སྙན་ཞུ་ལས་ནན་གྱིས་བསྟན་དོན། གལ་ཏེ་རྒྱལ་ཁབ་སོ་སོས་ཉིས་སྟོང་སུམ་ཅུ་ལོར་གློག་རྡུལ་གད་སྙིགས་ཀྱི་ཕྱིར་བསྡུ་བེད་སྤྱོད་ཚད་བརྒྱ་ཆའི་དྲུག་ཅུར་མཐོར་འདེགས་བཏང་ན། མིའི་རིགས་ཀྱི་བདེ་ཐང་ཉེན་ཁ་ཇེ་དམའ་རུ་གཏོང་བ་སོགས་ཀྱི་ཐད་ནས་མེ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བརྒྱད་ཀྱི་དཔལ་འབྱོར་ཕན་འབྲས་འབྱུང་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།