ཀྲ་ཏིའི་རིགས་རྒྱུད་འཁྲུག་རྩོད་ལས་མི་ཞེ་གཉིས་རྐྱེན་ལམ་དུ་ཤོར།
2024.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲ་ཏིའི་སྤྱི་བའི་བདེ་འཇགས་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཝ་ཏཱ་དབྱེ་ཞིང་ཆེན་དུ་མི་ཞེ་གཉིས་རིགས་རྒྱུད་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མུའུ་ལོ་དང་པུས་ཨར་ཀུའུ་ཐི་རིགས་རྒྱུད་གཉིས་བར་ཚེས་ཉི་ཤུ་ཉིན་ཝ་ཏཱ་དབྱེ་ཞིང་ཆེན་གྱི་ཏིས་ལེ་ཅཱ་ཡེ་སྡེ་བ་ནས་འཁྲུག་རྩོད་བྱུང་སྟེ། མི་བཞི་བཅུ་ལྷག་རྐྱེན་ལམ་དུ་ཤོར་ཟེར།

སྤྱི་བའི་བདེ་འཇགས་པུའུ་ཡི་གསལ་སྒྲོག་ལས་བཤད་རྒྱུར། སྡེ་བ་དེ་འཁྲུག་རྩོད་ཁྲོད་མེར་བཏང་ཡོད་པ་དང་། མི་བརྒྱ་དང་དོན་ལྔ་འཛིན་བཟུང་བྱས་ཡོད་ཟེར། ཀྲ་ཏིའི་སྲིད་གཞུང་གིས་མཐོ་རིམ་དཔོན་པོས་རུ་ཁག་ཁྲིད་ནས་ས་ཁུལ་དེར་མངགས་ཡོད་ལ། ཐེངས་འདིའི་འཁྲུག་རྩོད་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།