ཨར་ཅི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་དེས་ད་ལོའི་ཟླ་དགུ་བའི་ཚེས་བདུན་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།
ཨར་ཅི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་ནང་བཤད་རྒྱུར། ཙུང་ཐུང་ཐི་པིན་གྱིས་ཉིན་དེར་ཙུང་ཐུང་འདེམ་བསྐོའི་གྲ་སྒྲིག་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ནས་ཟླ་དགུ་བའི་ཚེས་བདུན་ཉིན་སྔ་སྣུར་སྒོས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད། ཨར་ཅི་རི་ཡཱའི་མི་རིགས་གླིང་གི་གྲོས་དཔོན་ཀུའུ་ཅི་ལེ་དང་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པུའུ་ཅཱ་ལེ། ཙུང་ལི་ཨ་ཨར་པཱ་ཝེ། རྒྱལ་ཁབ་མི་དམངས་དམག་གི་ཇུས་འདོན་དཔོན་ཁྲིན་ཀི་ལི་ཧཱ་སོགས་གྲོས་ཚོགས་ལ་ཞུགས།
ཐི་པིན་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པར་ཨར་ཅི་རི་ཡཱའི་ཙུང་ཐུང་དུ་བདམས་པ་དང་། འགན་ཡུན་ལོ་ངོ་ལྔ་རེད། ཨར་ཅི་རི་ཡཱའི་འདེམ་བསྐོའི་བཅའ་ཁྲིམས་ལྟར་ན། ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ད་ལྟའི་ཙུང་ཐུང་གི་འགན་ཡུན་མ་ལོངས་གོང་གི་ཉིན་སུམ་ཅུའི་ནང་སྤེལ་དགོས་པ་རེད། ཙུང་ཐུང་བཞུགས་ཤག་གི་གསལ་སྒྲོག་ལས་སྔ་སྣུར་གྱིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བའི་རྒྱུ་རྐྱེན་ཅི་ཡིན་གསལ་བོར་བསྒྲགས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།