མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཉིས་སྟོང་ཉེར་ལྔ་ལོ་དེ་རྒྱལ་སྤྱིའི་ཞི་བདེ་དང་ཡིད་ཆེས་ཀྱི་ལོར་ཁྱབ་བསྒྲགས་བྱས།
2024.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཚེས་ཉེར་གཅིག་ཉིན་གྲོས་ཆོད་བཀོད་དེ། ཉིས་སྟོང་ཉེར་ལྔ་ལོ་དེ་རྒྱལ་སྤྱིའི་ཞི་བདེ་དང་ཡིད་ཆེས་ཀྱི་ལོར་ཁྱབ་བསྒྲགས་བྱས།

གྲོས་ཆོད་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཀྱེལ་ཡངས་རང་བཞིན་གྱི་གྲོས་མོལ་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་ཞི་བདེ་དང་ཡིད་ཆེས་ལ་འགན་སྲུང་བྱེད་དགོས་ལ། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་དང་། ཞི་བདེ། བདེ་འཇགས། འགྲོ་མིའི་ཐོབ་ཐང་བཅས་ལ་ཡར་སྐུལ་བྱེད་པའི་རིན་ཐང་ལྟ་བར་བྱེད་དགོས་ཟེར།

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཆབ་སྲིད་དང་འཛུགས་སྐྲུན། ཞི་བདེའི་ལས་དོན་པུའུ་ཡིས་རྒྱལ་སྤྱིའི་ཞི་བདེ་དང་ཡིད་ཆེས་ལོའི་བྱ་བ་དངོས་འབེབས་བྱེད་པར་རོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྩ་འཛུགས་སོ་སོ། རྒྱལ་སྤྱི་དང་ས་ཁོངས། ས་ཁོངས་ཕལ་བ་བཅས་ཀྱི་རྩ་འཛུགས། དེ་མིན་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་ཁག་བཅས་ཀྱིས་བྱེད་ཐབས་འོས་འཚམ་སྤྱད་དེ་རྒྱལ་སྤྱིའི་ཞི་བདེ་དང་ཡིད་ཆེས་ལོའི་རྗེས་དྲན་བྱ་འགུལ་སྤེལ་དགོས་པ་དང་། སློབ་གསོ་དང་མང་ཚོགས་ཀྱི་ངོས་ཟིན་ཇེ་མཐོར་གཏོང་བའི་བྱ་འགུལ་སོགས་ཀྱི་ཐབས་ལ་བརྟེན་ནས་ཞི་བདེ་དང་ཡིད་ཆེས་ཀྱི་དགེ་མཚན་དྲིལ་སྒྲོག་བྱེད་དགོས་པའི་སྐུལ་མ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་ཉེར་གཅིག་ཉིན་ད་རུང་གྲོས་ཆོད་ཅིག་བཀོད་དེ། ལོ་རེའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་དེ་རྣམ་པ་གང་རུང་གི་རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཅན་གྱི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་ཉིན་མོར་བྱས་ནས། རྣམ་པ་གང་རུང་གི་རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཅན་གྱི་ནག་ཉེས་ལས་བྱུང་བའི་འཇིགས་ཉེན་གྱི་ངོས་འཛིན་མཐོར་འདེགས་བྱེད་རྒྱུ་མ་ཟད། འབྲེལ་ཡོད་ཕྱོགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་དང་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་རྩ་འཛུགས་སོ་སོ། རྒྱལ་སྤྱི་དང་ས་ཁོངས་ཀྱི་རྩ་འཛུགས་གཞན་པ། དེ་མིན་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་སོ་སོས་བྱེད་ཐབས་འོས་འཚམ་སྤྱད་དེ་རྣམ་པ་གང་རུང་གི་རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཅན་གྱི་ནག་ཉེས་ལ་སྔོན་འགོག་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་ཉིན་མོར་རྗེས་དྲན་བྱེད་དགོས་པའི་རེ་བ་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རྫས་དང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་དང་འབྲེལ་ཡོད་ཀྱི་ཚོགས་པ་གཞན་པའི་བར་མཉམ་ལས་བྱས་ནས་རྒྱལ་སྤྱིའི་ཉིན་མོ་དེར་རྗེས་དྲན་བྱེད་པར་རོགས་འདེགས་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།