ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཚེས་ཉེར་གཅིག་ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་བབ་ལ་གྲོས་བསྡུར་བྱས། སེ་ཞི་ཡིས་གྲོས་མོལ་བྱེད་སྐབས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སེ་ཞི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལས་མི་སེར་དཀྱུས་མའི་ཚེ་སྲོག་ལ་འཇིགས་ཉེན་བཟོ་བཞིན་ཡོད་པ་དང་། ཁྱད་པར་དུ་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་ས་ཡ་གཅིག་དང་འབུམ་ལྔ་ཙམ་གྱིས་གནས་དེར་འགེབས་སྲུང་ཐོབ་པར་རེ་བཞིན་ཡོད་ཟེར། ཁོས་ལཱ་ཧྥ་གྲོང་ཁྱེར་གྱི་དམག་དོན་འགུལ་སྐྱོད་གང་རུང་ལས་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་། སེ་ཞི་ཡིས་མྱུར་མོར་འགུལ་སྐྱོད་སྤེལ་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཆབ་སྲིད་ལ་བརྟེན་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་ཡོད་ལ་སྒེར་ཚུགས་ཡིན་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་དགོས་པ་བསྐྱར་སྒྲོག་བྱས།
གསལ་སྒྲོག་ལས་བཤད་རྒྱུར། པུའུ་ལིན་ཁུན་གྱིས་ཨེ་ཅིབ་ཀྱིས་ཞི་བདེ་ལ་སྐུལ་འདེད་གཏོང་བའི་ཐད་ནས་ནུས་པ་འདོན་སྤེལ་བྱས་པར་གཟེངས་བསྟོད་བྱས་པ་དང་། ཨ་མེ་རི་ཁས་མུ་མཐུད་དུ་ཨེ་ཅིབ་བར་མཐུན་སྦྱོར་བྱས་ཏེ་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀཡི་རོགས་སྐྱོར་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས་ལ། ཕཱ་ལེ་སི་ཐན་གྱི་མི་ཡུལ་འཁྱམས་བྱེད་དུ་འཇུག་པའི་བྱེད་ཐབས་གང་རུང་ལ་ངོ་རྒོལ་བྱེད་དགོས་པར་འདོད།
པུའུ་ལིན་ཁུན་ཚེས་ཉི་ཤུ་ཉིན་སོ་ཏི་ཨ་རབ་ཏུ་འབྱོར་ནས་དབུས་ཤར་གྱི་འགྲུལ་བཞུད་མགོ་བརྩམས་པ་རེད། ཨེ་ཅིབ་ལས་གཞན་ཁོས་ད་རུང་དབྱི་སི་རལ་དུ་འཚམས་འདྲི་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།