མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་འཛམ་གླིང་ཆུའི་ཉིན་མོར་ཆུ་ལས་ཞི་བདེ་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་པའི་ཚུལ་བསྟན།
2024.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་གྱི་འཛམ་གླིང་ཆུའི་ཉིན་མོར་བསླེབས་པའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་ཕྱོགས་དྲ་ཚིགས་སུ་ཞུ་ཚིག་ཕུལ་ཏེ། མི་རྣམས་ཀྱིས་ཆུའི་གནད་དོན་ཐད་ནས་ལག་རྡང་སྦྲེལ་ནས་མཉམ་ལས་བྱེད་པ་དང་། ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཟེར།

ད་ལོའི་འཛམ་གླིང་ཆུའི་ཉིན་མོའི་བརྗོད་སྙིང་ནི་ཆུ་ལས་ཞི་བདེ་ལ་སྐུལ་འདེད་གཏོང་ཞེས་པ་དེ་རེད། ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཆུའི་ཆེད་དུ་འགུལ་སྐྱོད་སྤེལ་བ་ནི་ཞི་བདེའི་ཆེད་དུ་འགུལ་སྐྱོད་སྤེལ་བ་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ། ཆུ་དེ་མཉམ་ལས་དང་འཆམ་མཐུན། གཏན་འཇགས་བཅས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་འགྱུར་བར་བྱས་ནས། མི་རེ་རེས་ཞི་བདེ་དང་དར་རྒྱས་ལོངས་སུ་སྤྱོད་པའི་འཛམ་གླིང་ཞིག་གསར་བསྐྲུན་བྱེད་པར་རོགས་འདེགས་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་ལས་སྒོས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་ན་ཞི་བདེའི་ཐད་གསོན་ཤུགས་གསར་བ་བསྣན་ནས་ཞི་བདེ་རྒྱུན་འཁྱོངས་བྱེད་ཐུབ། ཆུའི་དོ་དམ་ལས་ཕྱོགས་མང་རིང་ལུགས་དང་སྡེ་ཁུལ་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ནམ་ཟླའི་གནོད་འཚེ་ཐག་གཅོད་བྱེད་པའི་བབ་བསྟུན་ནུས་པ་ཇེ་དྲག་ཏུ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ནས་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས། དེའི་ནང་བདེ་ཐང་གནས་བབ་ལེགས་བཅོས་དང་དབུལ་ཕོངས་སེལ་བ། འདྲ་མཉམ་མིན་པའི་སྣང་ཚུལ་ལེགས་བསྒྱུར་བྱེད་པ། དེ་མིན་འབྲུ་རིགས་དང་ཆུའི་བདེ་འཇགས་ལ་ཡར་སྐུལ་བྱེད་པ་སོགས་འདུས་ལ། དམིགས་འབེན་དེ་དག་ཞི་བདེའི་སྤྱི་ཚོགས་ཀྱི་རྨང་གཞི་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ཁྲོད་གཏན་འབེབས་བྱས་པའི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་དམིགས་འབེན་ཞིག་ནི་མི་ཚང་མར་ཆུ་དང་ཁོར་ཡུག་གཙང་སྦྲ་འདོན་སྤྲོད་བྱས་ཏེ། དོན་དེར་རྒྱུན་མཐུད་ངང་དོ་དམ་བྱེད་དགོས་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལྟར་ན། འདས་པའི་ལོ་ངོ་ལྔ་བཅུའི་ནང་། ཆུ་དང་འབྲེལ་བའི་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དེས་རང་བྱུང་གནོད་འཚེ་གང་རུང་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཀྱི་བརྒྱ་ཆའི་བདུན་ཅུ་ཟིན་ཡོད། མིག་སྔར་མི་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་ཀྱིས་སྔར་བཞིན་བདེ་འཇགས་འཐུང་ཆུའི་དོ་དམ་མེད་པའི་ཁོར་ཡུག་ཁྲོད་འཚོ་བ་རོལ་བཞིན་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་རྣམས་ཀྱིས་ཆུའི་གནད་དོན་ཐད་ནས་མཉམ་ལས་བྱེད་པའི་སྐབས་སུ། མུ་རྒྱུན་གྱི་བྱེད་ནུས་བཟང་བོ་ཐོན་པར་བྱས་ཤིང་། འཆམ་མཐུན་ཡར་སྐུལ་དང་དར་རྒྱས་གསར་གཏོད་བྱས་ཏེ་མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།