བྱང་ཆིངས་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་ཨུ་རུ་སིའི་བར་ཐད་ཀར་འཁྲུག་རྩོད་བྱེད་པར་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན།
2024.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡི་ཁོངས་སུ་གཏོགས་པའི་དམག་དོན་གནས་ཚུལ་ཞེས་པའི་དྲ་ཚིགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་དུ་འཚམས་འདྲི་བྱེད་བཞིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པའོ་ཨར་གྱིས་དྲ་ཚིགས་དེའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བར་ཐད་ཀར་འཁྲུག་རྩོད་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

པའོ་ཨར་གྱིས་བསྟན་དོན། མིག་སྔར་ཝུའུ་ཁི་ལན་དུ་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་མེད་ལ། བྱང་ཆིངས་རྩ་འཛུགས་ཀྱིས་ཀྱང་ཝུའུ་ཁི་ལན་དུ་དམག་མི་མངག་གཏོང་བྱེད་པའི་འཆར་གཞི་མེད། གལ་ཏེ་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་གང་རུང་གིས་ཁེར་རྐྱང་དུ་དམག་གཏོང་རྒྱུ་ཐག་བཅད་ན། ཆོད་དོན་དེ་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་གཞན་པར་འབྲེལ་བ་ཡོད་པ་གསལ་བོར་ངེས་དགོས་ལ། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་སྔ་མོ་ནས་འབྲེལ་ཡོད་ཆོད་དོན་དེར་གཅིག་བསྡུས་གྲོས་མོལ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

པའོ་ཨར་གྱིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་ཐུན་མོང་བདེ་འཇགས་ལ་ཁ་ཕྱོགས་ནས། འགོག་སྲུང་འཐབ་ཇུས་དང་འཐབ་འཁྲུག་འཆར་གཞི། ལས་འགན་དེ་དག་ཚང་མ་ལག་བསྟར་བྱེད་པར་མཁོ་བའི་དམག་དོན་སྟོབས་ཤུགས་བཅས་བསྒྱུར་ཡོད། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བར་ཐད་ཀར་འཁྲུག་རྩོད་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་མདུན་ལྗོངས་སྐོར་ནས་པའོ་ཨར་གྱིས་བསྟན་དོན། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་སྲིད་པ་ཁོ་ཐག་ཡིན་ལ། མིག་སྔར་རྩོད་གླེང་བྱེད་པའི་གཙོ་གནད་ནི་ཝུའུ་ཁི་ལན་དུས་ནམ་ཞིག་ལ་ཆ་རྐྱེན་ཇི་འདྲའི་འོག་བྱང་ཆིངས་རྩ་འཛུགས་སུ་ཞུགས་སྲིད་པ་དེ་རེད་ཟེར།

པའོ་ཨར་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་འཐུས་ཚབ་ཚོགས་པ་ཁྲིད་དེ་ཚེས་ཉེར་གཅིག་ཉིན་ཅི་ཧྥུའུ་རུ་འབྱོར་ནས་འཚམས་འདྲི་བྱས་པ་དང་། སྐབས་བཅུ་དྲུག་པའི་ཅི་ཧྥུའུ་བདེ་འཇགས་གླེང་སྟེགས་ལ་ཞུགས། དེ་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བའི་ཚུན་ལ། བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་འཐུས་ཚབ་ཚོགས་པས་ཐོག་དང་པོར་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།