མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཆུའི་རྐྱེན་སྲོལ་གྱི་ཚབ་བྱས་ཏེ་ཉིས་སྟོང་ཉེར་བཞི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆུའི་ཐོན་ཁུངས་གསར་སྤེལ་སྙན་ཞུ་སྤེལ་ནས། ཆུའི་ཐོན་ཁུངས་ཛ་དྲག་ཏུ་འགྱུར་བའི་གནས་བབ་ཀྱིས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ཀྱི་འཁྲུག་རྩོད་ཇེ་མང་དུ་གཏོང་བཞིན་ཡོད། ཞི་བདེ་ལ་སྲུང་སྐྱོབ་བྱེད་ཆེད། རྒྱལ་ཁབ་སོ་སོས་དགོས་ངེས་ཀྱི་རྒྱལ་སྤྱིའི་མཉམ་ལས་བྱེད་དགོས། ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ནི་འཛམ་གླིང་ཆུའི་ཉིན་མོ་རེད། སྙན་ཞུ་ལས་བཤད་རྒྱུར། ད་ལྟའི་བར་དུ་འཛམ་གླིང་ཡོངས་ཀྱི་མི་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་ཀྱིས་བདེ་འཇགས་དོ་དམ་བྱེད་པའི་འཐུང་ཆུའི་ཞབས་ཞུ་ལོངས་སྤྱོད་བྱེད་ཐབས་མེད་པ་དང་། མི་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔར་བདེ་འཇགས་དོ་དམ་བྱེད་པའི་འཕྲོད་བསྟེན་སྒྲིག་ཆས་མེད་པས། ཉིས་སྟོང་སུམ་ཅུ་ལོའི་བར་མི་ཚང་མར་བདེ་འཇགས་དང་ཁག་ཁུར་ཡོད་པའི་འཐུང་ཆུ་ཐོབ་པར་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་འབེན་དེ་མངོན་འགྱུར་བྱེད་པར་ད་རུང་བར་ཐག་ཆེན་པོ་ཡོད། ཉིས་སྟོང་གཉིས་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར། འཛམ་གླིང་ཡོངས་ཀྱི་མི་ཐེར་འབུམ་གཅིག་དང་དུང་ཕྱུར་བཞིར་ཐན་པའི་ཤུགས་རྐྱེན་ཐེབས་ཡོད། ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་ཀྱི་མིའི་སྤྱི་གྲངས་ཀྱི་ཕྱེད་ཀར་དུས་སྐབས་རེ་འགའི་ནང་ཆུ་དཀོན་པའི་དཀའ་སྡུག་མྱངས་པ་དང་། བཞི་ཆའི་གཅིག་གི་མི་གྲངས་འཐུང་ཆུའི་གནོན་ཤུགས་ལ་འཕྲད། ཚོད་དཔག་བྱས་ན་ནམ་ཟླའི་འགྱུར་ལྡོག་ལས་སྣང་ཚུལ་དེ་རིགས་ཀྱི་འབྱུང་ཚད་ཇེ་མང་དང་ཚབས་ཆེན་དུ་འགྱུར་སྲིད་ལ། སྤྱི་ཚོགས་གཏན་འཇགས་ཐད་ཉེན་ཁ་ཆེན་པོ་བཟོ་སྲིད་ཟེར།
སྙན་ཞུ་ལས་བསྟན་དོན། ཆུའི་ཐོན་ཁུངས་དཀོན་པའི་ཤུགས་རྐྱེན་གཙོ་བོ་ནི་འཚོ་བའི་ཆ་རྐྱེན་ཇེ་སྡུག་ཏུ་འགྲོ་བ་དང་། འབྲུ་རིགས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། བདེ་ཐང་ཉེན་ཁ་ཇེ་ཆེར་གཏོང་སྲིད་ཟེར།
སྙན་ཞུ་ལས་མཚམས་སྦྱོར་བྱས་པ་ལྟར་ན། ཨ་ཧྥེ་རི་ཁ་གླིང་ནས་ཆུའི་ཐོན་ཁུངས་ལ་འབྲེལ་བའི་རྒྱལ་ཁབ་བར་གྱི་ཛ་དྲག་གནས་བབ་ཀྱི་ཤུགས་རྐྱེན་ཐེབས་སླ། གནས་ཚུལ་འདི་འདྲའི་འོག མངའ་ཁོངས་བརྒལ་བའི་ཆུའི་ཐོན་ཁུངས་དོ་དམ་མཉམ་ལས་དེ་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་འདེགས་ཤིང་ནུས་ཡོད་ཅིག་ཏུ་གྱུར་ཆོག ཕྱོགས་སོ་སོས་དུས་བཅད་ལྟར་གྲོས་མོལ་ལ་ཆ་རྐྱེན་བསྐྲུན་པ་དང་དགོས་ངེས་ཀྱི་བཅའ་ཁྲིམས་སྒྲོམ་གཞི་བཙུགས་ཏེ། མཉམ་ལས་དེ་རིགས་ཀྱིས་ཆུའི་ཐོན་ཁུངས་ལ་འབྲེལ་བའི་རྩོད་གླེང་མང་ཆེ་བ་ཐག་གཅོད་བྱས་ནས། སྔར་ལས་ཆེ་བའི་འཁྲུག་རྩོད་སྔོན་འགོག་བྱེད་པའི་རེ་བ་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་བསྟན་དོན། ཆུའི་ཐོན་ཁུངས་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བའི་གནས་ཚུལ་འོག ས་ཁུལ་ཁག་ཅིག་གི་འཁྲུག་རྩོད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པས། ཕྱོགས་སོ་སོས་ངེས་པར་དུ་མྱུར་མོར་འགུལ་སྐྱོད་སྤེལ་ནས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། ས་ཁོངས་བར་དང་འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ཙུང་ཚེ། མཉམ་འབྲེལ་རྒྱལ་ཚོགས་ཆུའི་རྐྱེན་སྲོལ་གྱི་ཀྲུའུ་ཞི་ལཱ་ལི་ཨོ་ཡིས་བལྟས་ན། ཆུའི་ཐོན་ཁུངས་ནི་ཞིང་ལས་ཀྱི་སྲོག་རྩ་ཡིན་པ་དང་། མི་གྲངས་དུང་ཕྱུར་མང་བོའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་སྒུལ་ཤུགས་གཙོ་བོ་ཡིན། གལ་ཏེ་དེར་རྒྱུན་མཐུད་དང་འདྲ་མཉམ་གྱིས་དོ་དམ་བྱས་ན། ཆུའི་ཐོན་ཁུངས་དེ་ཞི་བདེ་དང་དར་རྒྱས་ཀྱི་འབྱུང་ཁུངས་སུ་འགྱུར་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།