མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་མིས་བཟོས་རིག་ནུས་སྐོར་གྱི་འཛམ་གླིང་ཡོངས་ཀྱི་གྲོས་ཆོད་ཐོག་མ་བཀོད།
2024.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཚེས་ཉེར་གཅིག་ཉིན་མིས་བཟོས་རིག་ནུས་སྐོར་གྱི་འཛམ་གླིང་ཡོངས་ཀྱི་གྲོས་ཆོད་ཐོག་མར་གྲོས་མཐུན་བཀོད་དེ། བདེ་འཇགས་དང་བློ་གཏོད་དང་ཡིད་ཆེས་བྱེད་རུང་བའི་མིས་བཟོས་རིག་ནུས་མ་ལག་གསར་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།

དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཐོག་དང་པོར་མིས་བཟོས་རིག་ནུས་ཞེས་པའི་གསར་དར་ཁྱབ་ཁོངས་ལ་ལྟ་རྟོག་དོ་དམ་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་པ་ཡིན་པས། གྲོས་ཆོད་དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞེས་བརྗོད་ཀྱང་ཆོག་ཆོག་ཡིན། གྲོས་ཆོད་ལས་མིས་བཟོས་རིག་ནུས་མ་ལག་གི་ཚད་གཞི་གཏན་འབེབས་བྱས་ཏེ། གཞི་གྲངས་ཅན་གྱི་སྤོར་བསྒྱུར་ལ་སྐུལ་འདེད་དང་འདྲ་མཉམ་ངང་མིས་བཟོས་རིག་ནུས་མ་ལག་ལས་བྱུང་བའི་ཕན་ནུས་ཐོབ་པར་བྱེད་དགོས་པ་དང་། རྒྱལ་ཁབ་བར་དང་རྒྱལ་ཁབ་ནང་ཁུལ་གྱི་མིས་བཟོས་རིག་ནུས་ཀྱི་བར་ཁྱད་དང་གཞི་གྲངས་བར་ཁྱད་ཁ་གསབ་བྱས་ནས། རྒྱུ་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་ཐུན་མོང་གི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་གཞན་པ་ཐག་གཅོད་བྱེད་དགོས་པ་དང་། ཁྱད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར།

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་ཁག་གཞན་པས་བདེ་འཇགས་དང་བློ་གཏད་རུང་བའི་མིས་བཟོས་རིག་ནུས་མ་ལག་གསར་སྤེལ་བྱེད་པར་ཕན་པའི་ལྟ་རྟོག་དོ་དམ་དང་བཅོས་སྐྱོང་བྱེད་ཐབས། སྒྲོམ་གཞི་བཅས་གཏན་འབེབས་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཁོངས་གཏོགས་རྒྱལ་ཁབ་དང་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་ཁག་གཞན་པས་འགུལ་སྐྱོད་སྤེལ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་ལས་བྱེད་པ་དང་དེར་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་སྐུལ་ལྕག་བཏང་། གྲོས་ཆོད་ལས་ནན་གྱིས་བསྟན་དོན། ངེས་པར་དུ་མིས་བཟོས་རིག་ནུས་མ་ལག་གི་ཚེ་སྲོག་འཁོར་ཡུན་ནང་འགྲོ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱས་ནས་ཇེ་དྲག་ཏུ་གཏོང་དགོས་ཟེར།

གྲོས་ཆོད་ལས་ཁོངས་གཏོགས་རྒྱལ་ཁབ་དང་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་ཁག་སོ་སོས་དཀྱེལ་ཡངས་དང་འདྲ་མཉམ། ཀུན་ཕན་བཅས་ཀྱི་ཐབས་ཀྱིས་མིས་བཟོས་རིག་ནུས་མ་ལག་གསར་སྤེལ་བྱེད་པར་སྐུལ་མ་གཏོང་དགོས་པར་མ་ཟད། མིས་བཟོས་རིག་ནུས་མ་ལག་གིས་འགྲན་རྩོད་ཆེན་མོ་ཐག་གཅོད་བྱེད་ཐུབ་པར་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར། གྲོས་ཆོད་ལས་ད་རུང་ནན་གྱིས་བསྟན་དོན། གཞི་གྲངས་དོ་དམ་དེ་བདེ་འཇགས་དང་བློ་གཏད་རུང་བའི་མིས་བཟོས་རིག་ནུས་མ་ལག་གསར་སྤེལ་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

གྲོས་ཆོད་ལས་བལྟས་ན་ངེས་པར་དུ་མིས་བཟོས་རིག་ནུས་བཅོས་སྐྱོང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་འགུལ་རྣམ་དང་མིས་བཟོས་རིག་ནུས་མ་ལག་གི་གསར་སྤེལ་ལ་རྗེས་འདེད་བྱེད་པ། དེ་མིན་བཀོལ་སྤྱོད་བྱེད་པའི་གོམ་སྟབས་བཅས་ལ་མུ་མཐུད་དུ་གྲོས་བསྡུར་བྱེད་དགོས་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།