རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མོ་སི་ཁོའི་ཉེ་འདབས་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། 
2024.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕྱི་རྒྱལ་དུ་སྡོད་པའི་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟ་ར་ན། ཚེས22ཉིན་གྱི་དགོང་མོར་ཨུ་རུ་སིའི་རྒྱལ་ས་མོ་སི་ཁོའི་ཉེ་འདབས་ཀྱི་ཁི་ལ་སི་ནོ་ཀེའར་སི་ཁི་གྲོང་ཁྱེར་གྱི་རོལ་དབྱངས་ཚོམས་ཆེན་ཞིག་ཏུ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་། མིག་སྔའི་བར་འཇབ་རྒོལ་དེའི་ཁྲོད་ཉུང་མཐར་ཡང་མི143རྐྱེན་ལམ་དུ་ཤོར་བ་རེད། དོན་རྐྱེན་བྱུང་རྗེས། རྒྱལ་ཁབ་མང་པོའི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུས་པ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་སེམས་གསོ་དང་འཚམས་འདྲི་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་གསལ་བསྒྲགས་སྤེལ་ནས་མོ་སི་ཁོའི་ཉེ་འདབས་སུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་། གསལ་བསྒྲགས་ནང་བཤད་རྒྱུར། ཀུའུ་ཐི་ལེ་སི་ཡིས་ཧ་ཅང་གཟབ་ནན་གྱི་སྒོ་ནས་ད་ཐེངས་ཀྱི་འཇབ་རྒོལ་ལ་རྒོལ་གཏམ་བཏང་། ཀུའུ་ཐི་ལེ་སི་ཡིས་འདས་པོའི་ཁྱིམ་མི་དང་ཨུ་རུ་སིའི་སྲིད་གཞུང་དང་མི་དམངས་ལ་འཚམས་འདྲི་བྱས་པ་དང་། རྨས་མ་དག་སྔ་མོ་ནས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས“ཆེས་ཤུགས་དྲག་པའི་ཚིག་སྦྱོར་ལ་བརྟེན་ནས”འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་། གསལ་བསྒྲགས་ནང་བཤད་རྒྱུར། དེ་ནི་མི་རྣམས་ལ་ཁོང་ཁྲོ་སློང་བའི་འཇིགས་སྐུལ་གྱི་འཇབ་རྒོལ་ཞིག་རེད་ཅེས་འཁོད་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཚང་མར་ཨུ་རུ་སིའི་སྲིད་གཞུང་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མཉམ་ལས་ཧུར་ཐག་བྱས་ནས་འཇིགས་སྐུལ་འཇབ་རྒོལ་ལག་བསྟར་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྱི་འགན་འཁྲི་རྩད་གཅོད་པ་དང་། ཁོ་ཚོ་ཁྲིམས་ལ་སྦྱོར་དགོས་པའི་ལྕག་སྐུལ་གནང་།

ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་སྲིད་ཇུས་ཀྱི་དབུ་བཞུགས་མགྲིན་ཚབ་པ་པིས་ཏི·སི་ཐ་ནའོ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། “ཡོ་རོབ་མནའ་འབྲེལ་མོ་སི་ཁོ་རུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ལ་ཧང་སངས་ཡོད། ཡོ་རོབ་མནའ་འབྲེལ་གྱིས་མི་སེར་ལ་དམིགས་པའི་འཇབ་རྒོལ་གང་རུང་ལ་རྒོལ་གཏམ་གཏོང་རྒྱུ་ཡིན། ང་ཚོའི་སེམས་ནི་གནོད་པ་ཐེབས་པའི་ཨུ་རུ་སིའི་སྤྱི་དམངས་ཚང་མ་དང་མཉམ་དུ་ཡོད”ཅེས་བཤད།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་བསྟན་དོན། ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་གིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཧྥ་རན་སི་ཡིས་རྐྱེན་ལམ་དུ་ཤོར་མཁན་དང་དེའི་གཉེན་ཉེ་དང་དེ་བཞིན་ཨུ་རུ་སིའི་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་ཧྥ་རན་སི་ཡིས་མི་རྣམས་ཧང་སངས་དགོས་པའི་འཇབ་རྒོལ་དེར་རྒོལ་གཏམ་གཏོང་བཞིན་ཡོད་ལ། ངེས་པར་དུ་དོན་རྐྱེན་ལ་ཞིབ་བཤེར་མཐར་ཕྱིན་པ་བྱེད་དགོས་པ་དང་ཧྥ་རན་སི་ཡིས་ཨུ་རུ་སིའི་མི་དམངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

འཇར་མན་གྱི་ཙུང་ལི་ཧྲོའར་ཚི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བསྟན་དོན། “ང་ཚོས་མོ་སི་ཁོ་རུ་བྱུང་བའི་ཉེས་མེད་རོལ་དབྱངས་འདུ་ཚོགས་ཀྱི་ལྟད་མོ་བར་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་གཏོང་རྒྱུ་ཡིན”ཟེར།

དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལ་ཡིས་འཇིགས་སྐུལ་འཇབ་རྒོལ་དེར་རྒོལ་གཏམ་དྲག་པོ་བཏང་། ཁོས་བཤད་རྒྱུར། རྣམ་པ་སྣ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ་དེ་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཧྲིལ་པོའི་ཐུན་མོང་གི་ཁས་ལེན་ཞིག་ཏུ་འགྱུར་བར་བྱེད་དགོས། དབྱི་ཐ་ལིའི་ཙུང་ལི་མེ་ལུའོ་ཉི་ཡིས་གསལ་བསྒྲགས་སྤེལ་ནས་དབྱི་ཐ་ལིའི་སྲིད་གཞུང་གིས་འཇིགས་སྐུལ་འཇབ་རྒོལ་དེར་རྒོལ་གཏམ་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཁཱ་མའེ་ལུན་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་ནས་དབྱིན་ཇི་ཡིས་མོ་སི་ཁོའི་ཉེ་འདབས་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུ་བ་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་ཟེར།

སར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་བཤད་རྒྱུར། “ངས་ཨུ་རུ་སུའི་སྤྱི་དམངས་དང་འགོ་ཁྲིད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། འདི་ལྟ་བུའི་འཇིགས་སུ་རུང་བའི་སྡིག་ཉེས་བསགས་པའི་འཇིགས་སྐུལ་པ་ཁྲིམས་ལ་སྦྱོར་རྒྱུའི་རེ་བ་ཡོད”ཟེར།

སི་ལོ་ཧྥ་ཁིའི་ཙུང་ཐུང་ཆ་ཕུའུ་ཐུའོ་ཝ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་བསྟན་དོན། མོ་སི་ཁོའི་ཉེ་འདབས་སུ་མི་སེར་ལ་དམིགས་པའི་འཇབ་རྒོལ་བྱུང་བ་ནི་རྒོལ་གཏམ་གཏོང་དགོས་ངེས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་རེད་ཟེར།

མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལི་སུའུ་ཧི་ཡིས་ཚེས23ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་། ཁོས་བསྟན་དོན། མོང་གོལ་རྒྱལ་ཁབ་ཀྱིས་མི་རྣམས་ཧང་སངས་དགོས་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེར་སེམས་སྡུག་ཆེན་པོ་བྱེད་པ་དང་། ཨུ་རུ་སུའི་མི་དམངས་ལ་སེམས་གཏིང་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། ཉེས་མེད་མི་སེར་ལ་ཤི་རྨས་བྱུང་བར་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན་ཟེར། མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་མོང་གོལ་རྒྱལ་ཁབ་ཀྱིས་མིའི་རིགས་ཀྱི་ཞི་བདེ་དང་སྤྱིར་བཏང་གི་མང་ཚོགས་ལ་འཇིགས་སྐུལ་བཟོས་པའི་འཇིགས་སྐུལ་བྱ་སྤྱོད་མཐའ་དག་ལ་རྒོལ་གཏམ་དྲག་པོ་བཏང་ཡོད་ཟེར།

ཡའོ་ནན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྥན་ཆིའུ་ཡུས་ཀྱིས་བསྟན་དོན། ཡའོ་ནན་ཕྱོགས་འཇིགས་སྐུལ་འཇབ་རྒོལ་དེར་ཧང་སངས་ཡོད། ཨུ་རུ་སིའི་སྲིད་གཞུང་དང་མི་དམངས། གནོད་འཚེ་ཕོག་མཁན་གྱི་ཁྱིམ་མིར་འཚམས་འདྲི་ཟབ་མོ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཟེར། ཧྥན་ཆིའུ་ཡུས་ཀྱིས་བཤད་རྒྱུར། ཡའོ་ནན་གྱིས་རྣམ་པ་སྣ་ཚོགས་ཀྱི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་གཏོང་བ་དང་། སྡིག་ཉེས་བསགས་པའི་འཇིགས་སྐུལ་པར་དགོས་ངེས་ཀྱི་ཆད་པ་གཅོད་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཟེར།

སི་རི་ལན་ཁའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། འཇིགས་སྐུལ་གྱི་འཇབ་རྒོལ་དེ་ནི་མི་སེར་ལ་དམིགས་པའི“དྲག་ཤུགས་བྱ་སྤྱོད”ཅིག་ཡིན་པས། “མི་རྣམས་འཁོན་འཛིན་སྐྱེ་འོས་པ་ཞིག་རེད”ཅེས་རྒོལ་གཏམ་དྲག་པོ་བཏང་། གསལ་བསྒྲགས་ནང་སི་རི་ལན་ཁས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱས་ནས་འཛམ་གླིང་ཧྲིལ་པོའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གཞོལ་འདོད་ཡོད་ཅེས་བསྐྱར་བསྒྲགས་བྱས།

ཝུ་ར་ཀུའེ་ཡི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་མོ་སི་ཁོའི་ཉེ་འདབས་ཀྱི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་། ཝུ་ར་ཀུའེ་ཕྱོགས་ཀྱིས“རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་བསྐྱར་བསྒྲགས་བྱས། དུས་མཚུངས་སུ་ཝུ་ར་ཀུའེ་ཡི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིའི་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་འཚམས་འདྲི་ཞུ་རྒྱུ་ཡིན་ཟེར།

མོ་རོ་ཁོའི་ཕྱི་འབྲེལ་པུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་འཇིགས་སྐུལ་འཇབ་རྒོལ་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། འཇིགས་སྐུལ་རིང་ལུགས་ལ་གདོང་གཏོད་སྐབས་མོ་རོ་ཁོ་ཕྱོགས་ཨུ་རུ་སི་ཕྱོགས་དང་མཉམ་དུ་ལངས་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་འཚམས་འདྲི་བྱས་ནས་རྨས་མ་དག་མྱུར་མོར་དྲག་སྐྱེད་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་ཟེར།

ཐུ་ནི་སིའི་ཕྱི་འབྲེལ་པུའུ་ཡིས་འཇིགས་སྐུལ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུས་ཤིང་།  ཐུ་ནི་སིའི་ཕྱོགས་ཀྱིས་རྣམ་པ་གང་རུང་གི་དྲག་ཤུགས་དང་། ཐལ་སྐྱོད་རིང་ལུགས། འཇིགས་སྐུལ་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་དགོས་པ་བསྐྱར་བཤད་བྱས།

ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་འབྲེལ་གཏུག་མཐུན་སྦྱོར་པ་ཡའོ་ཧན·ཁི་པིས་ཀྱིས་ཚེས22ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་ཕུའུ་ཁི་སིའི་གསར་འགྱུར་སྟེགས་བུའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་སྲིད་གཞུང་གིས་ཟླ3པའི་ཟླ་འགོར་མོ་སི་ཁོ་དང་དེ་བཞིན་མཐའ་འཁོར་ས་ཁུལ་དུ་འཇིགས་སྐུལ་འཇབ་རྒོལ་འབྱུང་སྲིད་པའི་སེམས་ཁྲལ་བྱས་མྱོང་ཡོད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐབས་དེ་དུས་ཨ་མེ་རི་ཁའི་སྤྱི་དམངས་ལ་དྲན་སྐུལ་བྱས་མྱོང་། མིག་སྔར་ཨ་མེ་རི་ཁ་ཕྱོགས་ཀྱིས་གོང་གསལ་གྱི་ཐ་ཚིག་དང“ཚེས22ཉིན་གྱི་མེ་མདས་བརྒྱབ་པའི་དོན་རྐྱེན”བར་གྱི་འབྲེལ་བ་གཏན་འཁེལ་བྱེད་ཐབས་བྲལ་ཡོད་ཟེར། ཁི་པིས་ཀྱིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་མིག་སྔར་ཝུའུ་ཁི་ལན་གྱི་མི་རྣམ་པ་གང་རུང་གི་ཐོག་ནས་ད་ཐེངས་ཀྱི་དོན་རྐྱེན་ནང་ཞུགས་པའི་སྣང་ཚུལ་མཐོང་མ་བྱུང་ཟེར།

དེ་དང་ཆབས་ཅིག་ཧི་ལན་དང་། སུའེ་ཙེར། ཨ་ཀིན་ཐིན། ཧྥེ་ལུའུ་པེན། ཨ་ཧྥུའུ་ཧན། དབྱི་ལང་། ཕ་ཁི་སི་ཐན། མཱའར་ཐ་སོགས་རྒྱལ་ཁབ་ཀྱིས་ཀྱང་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུས་པ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་འཚམས་འདྲི་བྱས།

ཤ་བོ་གསེར་མཚོས་བསྒྱུར།