ཀུའུ་ཐི་ལེ་སི་ཡིས་ལ་ཧྥ་འགག་སྒོ་ནས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས23ཉིན་ཨེ་ཅིབ་དང་ཅ་ཧྲ་ས་ཁུལ་བར་གྱི་ལ་ཧྥ་འགག་སྒོའི་ཨེ་ཅིབ་ཕྱོགས་སུ་འཚམས་འདྲི་བྱེད་སྐབས་ཅ་ཧྲ་ས་ཁུལ་དུ་མྱུར་མོར་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་ལ་ཧྥ་འགག་སྒོ་རུ་བསྡུས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། “ད་ལྟ་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་མི་ཆོས་རིང་ལུགས་ལ་བརྟེན་ནས་དམག་འཁྲུག་མྱུར་མོར་མཚམས་འཇོག་དགོས། ད་ལྟ་ནི་མེ་མདའི་སྒྲ་མཚམས་འཇོག་པའི་དུས་སུ་སླེབས་ཡོད”ཟེར།

ཀུའུ་ཐི་ལེ་སི་ཡིས་བསྟན་དོན། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧ་མ་སི་ཡིས་ན་ནིང་གི་ཟླ10པའི་ཚེས7ཉིན་དབྱི་སི་རལ་ལ་འཇབ་རྒོལ་བྱས་པ་དེར་དག་སེལ་བྱེད་པའི་རྒྱུ་མཚན་གང་ཡང་མེད་ལ། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་མི་དམངས་ལ་མཉམ་དུ་ཆད་གཅོད་བྱས་པ་ནི་ལུགས་མཐུན་ཞིག་ཡིན་པ་ར་སྤྲོད་བྱེད་པར་ཡང་རྒྱུ་མཚན་གང་ཡང་མེད། ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་པ་རྣམས་སྔར་བཞིན་རྒྱུན་ཆད་མེད་པའི་འཇུགས་སྐྲག་ཁྲོད་དུ་གནས་ཡོད། སྡེ་ཁུལ་དང་ཁང་པ་མེད་པར་བཟོས་པ་དང་། ཁྱིམ་ཚང་ལ་ཆག་འཇིག་བྱུང་ཞིང་། མི་རྣམས་བཀྲེས་ལྟོགས་ཀྱིས་མནར་ཡོད། ཁོས་དབྱི་སི་རལ་གྱིས་མུའུ་སི་ལིན་གྱི་སྨྱུང་གནས་ཟླ་བའི་རིང་མུ་མཐུད་དུ་ཅ་ཧྲ་རྒྱུད་དུ་སྐོར་བཅོམ་བྱས་པར་བློ་ཕམ་ཆེན་པོ་སྐྱེས་ཡོད་ཟེར།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་ཅིབ་དང་མུ་མཐུད་དུ་མཉམ་ལས་བྱས་ནས་ཅ་ཧྲ་ས་ཁུལ་དུ་རོགས་སྐྱོར་བྱ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཟེར། ཁོས་ཨེ་ཅིབ་ཀྱིས“ནུས་ཤུགས་ཡོད་རྒུ་བཏོན་ནས་ཅ་ཧྲའི་མི་དམངས་ལ་རྒྱབ་སྐྱོར་བྱས་པར”བསྔགས་བརྗོད་བྱས།

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས23ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ10པའི་ཚེས7ཉིན་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་གསུམ་དང་སྟོང་གཉིས་དང་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བདུན་དང་སྟོང་བཞི་ལྷག་ཙམ་ལ་རྨས་ཕོག་ཡོད།

ཤ་བོ་གསེར་མཚོས་བསྒྱུར།