དབྱི་སི་རལ་དམག་དཔུང་གིས་ཅ་ཧྲའི་ས་ཁུལ་མང་པོར་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི27རྐྱེན་ལམ་དུ་བཏང་།
2024.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས23ཉིན་ཕ་ལེ་སི་ཐན་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་རྒྱུད་ཀྱི་ས་ཁུལ་མང་པོར་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི27རྐྱེན་ལམ་དུ་བཏང་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཚེས 23ཉིན་ཅ་ཧྲ་བྱང་རྒྱུད་ཀྱི་ཅ་ཧྲ་མཁར་གྱི་རོགས་སྐྱོབ་དངོས་ཟོག་ལེན་པའི་ས་ཚུགས་ཤིག་ལ་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི19རྐྱེན་ལམ་དུ་བཏང་བ་དང་། མི23རྨས་པ་རེད། ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་པུའུ་ལའེ་ཅེ་ཡི་མི་སེར་འདུག་ས་དང་ཏའར་པའེ་ལ་ཧི་སོགས་ལ་ཉིན་དེར་དབྱི་སི་རལ་དམག་དཔུང་གིས་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི3རྐྱེན་ལམ་དུ་བཏང་།  གཞན་ཡང་དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་ཐོ་རེངས་སུ་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥ་ཡི་སྡོད་ཁང་ཞིག་ལ་མཁའ་རྒོལ་བྱས་ནས་ཉུང་མཐར་ཡང་མི5རྐྱེན་ལམ་དུ་བཏང་ཟེར།

ཅ་ཧྲ་ས་ཁུལ་གྱི་ཆ་འཕྲིན་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཚེས23ཉིན་ཅ་ཧྲ་མཁར་དུ་གནས་པའི་ཅ་ཧྲ་ས་ཁུལ་གྱི་སྨན་ཁང་ཆེ་ཤོས་ཞི་ཧྥ་སྨན་ཁང་ལ་མུ་མཐུད་དུ་སྐོར་རྒོལ་བྱས་པ་དང་། མིག་སྔར་ཤི་རྨས་ཀྱི་གནས་ཚུལ་གསལ་པོར་མི་ཤེས། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཉིན་འགའི་རིང་བསྟུད་མར་ཞི་ཧྥ་སྨན་ཁང་དུ་དམག་དོན་འགུལ་སྐྱོད་སྤེལ་ནས་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ170བསད་པ་རེད།

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས23ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་དམག་དཔུང་གིས་འདས་ཟིན་པའི་ཆུ་ཚོད24ཡི་ནང་ཅ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་ནས་མི72རྐྱེན་ལམ་དུ་བཏང་བ་དང་། མི114རྨས་པ་རེད། ན་ནིང་གི་ཟླ10པར་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་གསུམ་དང་སྟོང་གཉིས་དང་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བདུན་དང་སྟོང་བཞི་ལྷག་ཙམ་ལ་རྨས་ཕོག་ཡོད།

ཤ་བོ་གསེར་མཚོས་བསྒྱུར།