པཱ་ཞིའི་ཤར་ལྷོའི་ས་ཁུལ་དུ་དྲག་ཆར་བབས་ཏེ་ཉུང་མཐར་ཡང་མི་ཉེར་བཞི་རྐྱེན་ལམ་དུ་ཤོར།
2024.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

པཱ་ཞིའི་ཤར་ལྷོའི་ཕྱོགས་ཀྱི་ཧྲིན་ཨེ་སི་ཕིས་ལི་ཐུའུ་མངའ་སྡེ་དང་ལི་ཡའོ་རི་ནེ་ལུའུ་མངའ་སྡེའི་དམངས་སྲུང་སྡེ་ཁག་གིས་ཚེས་ཉེར་བཞི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཚེས་ཉེར་གཉིས་ཉིན་ནས་བཟུང་དྲག་ཆར་བབས་པའི་དབང་གིས་མངའ་སྡེ་དེ་གཉིས་ནས་ཉུང་མཐར་ཡང་མི་ཉེར་བཞི་རྐྱེན་ལམ་དུ་ཡོད་ཟེར།

ཧྲིན་ཨེ་སི་ཕིས་ལི་ཐུའུ་མངའ་སྡེའི་དམངས་སྲུང་ཅུའུ་ཡིས་སྤེལ་བའི་དམིགས་བསལ་སྤྱི་སྒྲོག་ལྟར་ན། བསྟུད་མར་དྲག་ཆར་བབས་པའི་དབང་གིས་མངའ་སྡེ་དེ་ནས་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་ལྔ་དང་བདུན་བརྒྱ་ལྷག་དྲག་ཆར་དབང་གིས་ཁང་བར་གཏོར་བརླག་ཐེབས་ནས་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ལ། ས་ཁུལ་རེ་འགར་དྲག་ཆར་ལས་བྱུང་བའི་ཆུ་ལོག་གིས་ཁང་བའི་བརྩེགས་རིམ་གཉིས་པའི་བར་བསྣུབས་ཡོད་པས། སྡོད་དམངས་མང་ཆེ་བ་ཁང་བའི་ཀླད་དུ་བསྡད་ནས་རྒུད་སྐྱོབ་ལ་སྒུག་བཞིན་ཡོད་ཟེར།

པཱ་ཞིའི་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་པུའུ་ཡིས་ཚེས་ཉེར་བཞི་ཉིན་རྒྱལ་ཁབ་དམངས་སྲུང་ཅུའུ་ཡི་རྒུད་སྐྱོབ་རུ་ཁག་མངག་ནས་ཧྲིན་ཨེ་སི་ཕིས་ལི་ཐུའུ་མངའ་སྡེ་རུ་སོང་ནས་རོགས་སྐྱོར་རྒུད་སྐྱོབ་བྱ་བ་སྤེལ།

ལི་ཡའོ་རི་ནེ་ལུའུ་མངའ་སྡེ་རུ། དྲག་ཆར་ལས་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་ས་ནི་སྐམ་སའི་རི་ཁུལ་ཡིན་ཞིང་། དྲག་ཆར་ལས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་ཁང་བ་མང་བོར་གཏོར་བརླག་ཐེབས་ཡོད། དེའི་ནང་ཕིས་ཏི་པའོ་ལེ་སི་གྲོང་ཁྱེར་དུ་ཚེས་ཉེར་གཉིས་ཉིན་ནས་བཟུང་རི་ཉིལ་བའི་དོན་རྐྱེན་ཉིས་བརྒྱ་དང་སོ་བརྒྱད་བྱུང་ཡོད།

པཱ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་རང་བྱུང་གནོད་འཚེ་ཚད་འཇལ་དང་ཉེན་བརྡའི་ལྟེ་གནས་ཀྱིས་བཤད་རྒྱུར། ལི་ཡའོ་རི་ནེ་ལུའུ་མངའ་སྡེའི་ཕིས་ཏི་ལོ་པའོ་ལེ་སི་དང་ཐི་ལོས་སོ་པའོ་ལེ་སི་གྲོང་ཁྱེར་གཉིས་སུ་མ་འོངས་པའི་ཉིན་གཉིས་ནང་རི་ཉིལ་བའི་ཉེན་ཁ་ཧ་ཅང་ཆེ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།