དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་དང་དབུས་ཕྱོགས་སུ་བར་སྣང་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་སོ་གཅིག་རྐྱེན་ལམ་དུ་ཤོར།
2024.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་ཉེར་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་དང་དབུས་ཕྱོགས་ཀྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སོ་གཅིག་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་བཞི་ཉིན་གྱི་ཞོགས་པར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་སྡོད་ཁང་བཞིར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར། ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་གྱི་སྡོད་ཁང་ཞིག་ལ་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཕཱ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པས་ཚེས་ཉེར་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ནཱ་སེ་ཨར་སྨན་ཁང་དང་ཨ་མེད་ལེ་སྨན་ཁང་དུ་དཔུང་འཇུག་བྱས་པ་དང་། སྨན་ཁང་དེ་གཉིས་ཀྱི་སྨན་བཅོས་མི་སྣ་དང་རྨས་མ། ནད་པ། དེ་མིན་འགྲོ་སའི་ཁྱིམ་མེད་པར་གྱུར་བའི་མི་བཅས་མིག་སྔར་ཉེན་ཁའི་གནས་སུ་ལྷུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།