སེ་ནེ་ཀལ་གྱིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ།
2024.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སེ་ནེ་ཀལ་གྱིས་ཚེས་ཉེར་བཞི་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། སྔོན་ཆད་ཀྱི་ཙུང་ལི་ཨ་མཱ་ཏུའུ་པཱ་དང་བཅས་པའི་འདེམ་སྒུག་པ་བཅུ་དགུ་ཡིས་རིམ་བཞིན་ཙུང་ཐུང་གི་ལས་གནས་ལ་འགྲན་རྩོད་བྱས།

སེ་ནེ་ཀལ་གྱི་འདེམ་བསྐོའི་སྤྱི་ཁྱབ་ཅུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་ཐོ་འགོད་བྱས་པའི་འདེམ་དམངས་ས་ཡ་བདུན་དང་འབུམ་གསུམ་ཁྲི་བདུན་ཙམ་ཡོད་པ་དང་། དེའི་ནང་རང་གི་མངའ་ཁོངས་ཀྱི་འདེམ་དམངས་ས་ཡ་བདུན་དང་ཁྲི་གསུམ་ཙམ་ཡོད། འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་བཟུང་མགོ་བརྩམས་པ་དང་དགོང་མོའི་དུས་ཚོད་དྲུག་སྟེང་མཇུག་སྒྲིལ་བ་རེད། འདེམ་དམངས་དག་གིས་རྒྱལ་ཁབ་མངའ་ཁོངས་ཕྱི་ནང་གི་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་སྟོང་དྲུག་བཞི་བརྒྱ་བཞི་བཅུ་ནས་འདེམ་ཤོག་འཕངས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ལྟ་ཞིབ་པ་སྟོང་གཉིས་དང་བཞི་བརྒྱ་ང་བདུན་གྱིས་འདེམ་ཤོག་འཕེན་པའི་བརྒྱུད་རིམ་ཧྲིལ་བོར་ལྟ་རྟོག་བྱས།

ད་ལྟའི་ཙུང་ཐུང་སཱ་ལེ་ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་མིན་པ་དང་། འདེམ་བསྐོའི་ཐོག་མའི་མཇུག་འབྲས་དེ་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱེད་རྒྱུ་རེད། 

སེ་ནེ་ཀལ་གྱི་འདེམ་བསྐོའི་བཅའ་ཁྲིམས་ལྟར་ན། ཙུང་ཐུང་ནི་འདེམ་དམངས་ཀྱིས་ཐད་ཀར་དུ་བདམས་པ་ཡིན་ཞིང་། ཕྱེད་གྲངས་ཡན་གྱི་འདེམ་ཤོག་ཐོབ་པའི་འདེམ་སྒུག་པར་རྒྱལ་ཁ་ཐོབ་པ་རེད། གལ་ཏེ་འདེམ་སྒུག་པ་གང་རུང་ལ་ཐོབ་པའི་འདེམ་ཤོག་ཁ་གྲངས་ཕྱེད་གྲངས་ལས་བརྒལ་མེད་ན། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་ཀྱིས་ཐེངས་གཉིས་པར་འགྲན་རྩོད་བྱེད་དགོས་པ་རེད། སེ་ནེ་ཀལ་གྱི་ཙུང་ཐུང་གི་འགན་ཡུན་སྔོན་ཆད་ལོ་བདུན་ཡིན་པ་དང་། བསྟུད་འགན་ཐེངས་གཅིག་ལ་ཁུར་ཆོག ཉིས་སྟོང་བཅུ་དྲུག་ལོར་སེ་ནེ་ཀལ་གྲོས་ཁང་གིས་གྲོས་མཐུན་བཀོད་པའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལྟར་ན། ཉིས་སྟོང་བཅུ་དགུ་ལོར་བདམས་ཐོན་བྱུང་བའི་ཙུང་ཐུང་གི་འགན་ཡུན་ལོ་ལྔར་བཅོས་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།