ཨེ་ཅིབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲའི་འཁྲུག་རྩོད་ཁྱབ་ཁོངས་སྔར་ལས་ཇེ་ཆེར་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་ཉེར་བཞི་ཉིན་རྒྱལ་ས་ཁའེ་རོ་ནས་འཚམས་འདྲིར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཁྱབ་ཁོངས་སྔར་ལས་ཇེ་ཆེར་འགྲོ་བར་སྔོན་འགོག་བྱེད་དགོས་པའི་ཚུལ་བསྟན།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱི་གྲོས་མོལ་བྱེད་སྐབས་གཅིག་གྱུར་སྒོས་བལྟས་ན། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཛ་དྲག་ཆེ་བས། འཁྲུག་རྩོད་ཁྱབ་ཁོངས་སྔར་ལས་ཇེ་ཆེར་འགྲོ་བར་ངེས་པར་དུ་སྔོན་འགོག་བྱེད་དགོས་པར་འདོད། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་གྱི་མི་རྣམས་རང་ཁྱིམ་དང་འབྲལ་དུ་འཇུག་པའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་པར་མ་ཟད། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ལ་དམག་དོན་འགུལ་སྐྱོད་གང་ཡང་སྤེལ་མི་རུང་བ་དང་། མ་གཞི་ནས་ཛ་དྲག་ཆེ་བའི་གནས་བབ་ལ་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་འབྱུང་བར་སྔོན་འགོག་བྱེད་དགོས་པའི་ཉེན་བརྡ་བཏང་།

ཕྱོགས་གཉིས་ཀྱིས་ད་རུང་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ས་ཁུལ་དེའི་དྲང་བདེན་དང་བདེ་འཇགས། གཏན་འཇགས་བཅས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ལ། ངེས་པར་དུ་དེ་ལག་བསྟར་བྱེད་པར་ཆ་རྐྱེན་བཟང་བོ་བསྐྲུན་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རོགས་སྐྱོར་གནད་དོན་ཐད་ནས་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཀུའུ་ཐི་ལོས་སི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲའི་རོགས་སྐྱོར་འགུལ་སྐྱོད་ཀྱི་བཀག་རྒྱ་དང་དཀའ་ཁག་གཙང་སེལ་བྱས་ཏེ། ཅཱ་ཧྲ་ས་ཁུལ་དུ་འགྲོ་སའི་རྒྱུ་ལམ་སྔར་ལས་མང་བོ་བེད་སྤྱོད་བྱེད་པར་ཆོག་མཆན་འགོད་རྒྱུའི་སྐུ་མ་བཏང་། དེའི་ཞོར་དུ་ཁོས་ཡང་བསྐྱར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཚེས་ཉེར་གསུམ་ཉིན་ཨེ་ཅིབ་དང་ཅཱ་ཧྲའི་བར་གྱི་ལཱ་ཧྥ་རྒྱུ་ལམ་གྱི་ཨེ་ཅིབ་ཕྱོགས་ཀྱི་ས་ཁུལ་དུ་སོང་ནས། ཕཱ་ལེ་སི་ཐན་གྱི་མི་དམངས་ལ་རོགས་སྐྱོར་བྱེད་རྒྱུའི་བསམ་ཚུལ་བསྟན། ཁོས་ལཱ་ཧྥ་རྒྱུ་ལམ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ད་ལྟ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་དགོས་གལ་ཆེ་བ་དང་། ད་ལྟ་འཁྲུག་རྩོད་མཚམས་འཇོག་པའི་དུས་ལ་བབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།