ཧྥ་རན་སི་ཡིས་འཇིགས་སྐུལ་ངོ་རྒོལ་གྱི་བདེ་འཇགས་དོགས་ཟོན་རིམ་པ་ཆེས་མཐོ་བའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་རེད།
2024.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཧྥ་རན་སིའི་ཙུང་ལི་ཨ་ཐཱ་ཨར་གྱིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། ཧྥ་རན་སིའི་མདུན་དུ་ལྷགས་པའི་འཇིགས་སྐུལ་འཇབ་རྒོལ་གྱི་འཇིགས་ཉེན་ཇེ་ཆེར་སོང་བར་དམིགས་ནས། ཧྥ་རན་སི་ཡིས་འཇིགས་སྐུལ་ངོ་རྒོལ་གྱི་བདེ་འཇགས་དོགས་ཟོན་རིམ་པ་ཆེས་མཐོ་བའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་རེད།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་བྲེལ་མྱུར་ནེ་ཀིའི་བདེ་འཇགས་གྲོས་ཚོགས་བསྡུས་ཏེ། ཨུ་རུ་སིའི་མའོ་སི་ཁོའི་ཉེ་འདབས་ཀྱི་རོལ་དབྱངས་ཁང་དུ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དང་དེའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱས། ཨ་ཐཱ་ཨར་གྱིས་ཚོགས་འདུའི་རྗེས་སུ་སྨྱན་བྱད་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་མང་སྤེལ་བའི་ཚུལ་བསྟན་པ་དང་། ཧྥ་རན་སིའི་མདུན་དུ་ལྷགས་པའི་འཇིགས་སྐུལ་འཇབ་རྒོལ་གྱི་འཇིགས་ཉེན་ལ་དམིགས་ནས། སྲིད་གཞུང་གིས་འཇིགས་སྐུལ་ངོ་རྒོལ་བདེ་འཇགས་ཀྱི་དོགས་ཟོན་རིམ་པ་ཆེས་མཐོ་བའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕཱ་རེ་སིའི་དབྱར་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པར་ད་རུང་ཟླ་ངོ་བཞིའི་དུས་ཚོད་ཡོད་པས། ཧྥ་རན་སིའི་འཇིགས་སྐུལ་འཇབ་རྒོལ་གྱི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། ཙུང་ལིའི་བཞུགས་ཤག་གིས་བསྟན་དོན། ཚེས་ཉེར་ལྔ་ཉིན་འབྲེལ་ཡོད་བདེ་འཇགས་སྡེ་ཁག་གིས་འཇིགས་སྐུལ་ངོ་རྒོལ་བདེ་འཇགས་གནད་དོན་ཐད་ནས་གྲོས་ཚོགས་བསྡུ་རྒྱུ་ཡིན་ཟེར།

ཚེས་ཉེར་གཉིས་ཉིན་གྱི་དགོང་མོར། མའོ་སི་ཁོ་ཉེ་འདབས་ཀྱི་ཁི་ལཱ་སི་ནོའུ་ཀི་ཨར་སི་ཁི་གྲོང་ཁྱེར་གྱི་རོལ་དབྱངས་ཚོམས་ཁང་ཞིག་ཏུ་འཇིགས་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱ་དང་སོ་བདུན་རྐྱེན་ལམ་དུ་ཤོར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གསུམ་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། འཇིགས་སྐུལ་འཇབ་རྒོལ་གྱི་ཉེས་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། ལག་དམར་དང་དེའི་མཛུབ་སྟོན་མཁན་ལ་ཆད་གཅོད་ནན་མོ་བྱེད་རྒྱུ་ཁས་ལེན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།