ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་བཞི་ཉིན་སོ་སོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པར་ཁ་པར་བཏང་སྟེ། ཧྥ་རན་སི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ལ་དཔུང་འཇུག་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བསྟན་པར་མ་ཟད། བཙན་གྱིས་མི་རྣམས་གནས་སྤོར་བྱེད་དུ་བཅུག་ན་འཐབ་ཇུས་ཉེས་པ་བཟོ་སྲིད་པའི་ཉེན་བརྡ་བཏང་།
ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་བཞི་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། མཱ་ཁི་ལུང་གིས་ཉིན་དེར་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་གཏོང་སྐབས་དབྱི་སི་རལ་གྱིས་ཚེས་ཉེར་གཉིས་ཉིན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བརྒྱད་ཡོད་པའི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་ས་ཞིང་གཞུང་བཞེས་བྱས་ནས་ཡིའུ་ཐེ་བའི་གཏན་སྡོད་བྱེད་སར་བཀོལ་བའི་ཆོད་དོན་ཁྱབ་བསྒྲགས་བྱས་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། དབྱི་སི་རལ་གྱིས་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཅཱ་ཧྲ་ས་ཁུལ་དུ་འགྲོ་སའི་སྐམ་སའི་རྒྱུ་ལམ་ཚང་མ་སྒོ་འབྱེད་བྱེད་དགོས་པའི་འབོད་སྐུལ་བཏང་། མཱ་ཁི་ལུང་གིས་བཤད་རྒྱུར། ཅཱ་ཧྲའི་མ་འོངས་པར་དེ་ངེས་པར་དུ་མ་འོངས་པའི་ཕཱ་ལེ་སི་ཐན་གྱི་སྒྲོམ་གཞིའི་ནང་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱིས་འགན་ཁུར་དགོས་ཟེར།
ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་གཞན་པ་ཞིག་ལས་བཤད་རྒྱུར། མཱ་ཁི་ལུང་དང་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པར་ཁ་པར་གཏོང་སྐབས་དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་རུ་དཔུང་འཇུག་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ཚུན་ལ་ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་ཁང་ཞི་ཧྥ་མཐའ་ནས་བསྐོར་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་ཡུན་རིང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ། གཞི་རྒྱ་ཆེ་བའི་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་སྐུལ་བཏང་།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བསྟན་དོན། ཅཱ་ཧྲ་ས་ཁུལ་ནི་སྔོན་ཆད་དང་མ་འོངས་པ་གང་ཡིན་ཡང་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ཡིན། རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་ན། མི་རྣམས་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་ན་འཐབ་འཁྲུག་ནག་ཉེས་འགྲུབ་སྲིད། ཧྥ་རན་སི་དང་ཅོར་ཏན་རྒྱལ་ཁབ་གཉིས་ཀྱི་མུ་མཐུད་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཇུས་གཞི་དེ་ནི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་མིའི་ཞི་བདེ་དང་བདེ་འཇགས་ཀྱི་རེ་བ་བསྐང་བའི་ཐག་གཅོད་ཇུས་གཞི་གཅིག་པུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།