མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་སྨྱུང་གནས་ཟླ་བའི་ནང་ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན།
2024.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

འདི་ནི་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འདེམ་ཤོག་འཕངས་ནས་བརྡས་གཅོད་བྱེད་པའི་ཡུལ་དངོས་རྣམ་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་ལྔ་ཉིན་གྲོས་ཆོད་གཉིས་བདུན་གཉིས་བརྒྱད་ལ་གྲོས་མཐུན་བཀོད་དེ། སྨྱུང་གནས་ཟླ་བའི་ནང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པ་དང་། དུས་ཡུན་རིང་བོའི་རྒྱུན་མཐུད་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

དེ་ནི་ན་ནིང་ཟླ་བཅུ་བའི་ཚེས་བདུན་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བའི་ཚུན་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐོག་དང་པོར་གྲོས་མཐུན་བཀོད་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་པའི་རེ་བ་བཏོན་པའི་གྲོས་ཆོད་ཅིག་རེད། ཀྲུང་གོ་དང་བཅས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་བཞིས་ཉིན་དེའི་འདེམ་ཤོག་འཕེན་སྐབས་ཡིད་འཐད་བྱུང་བ་དང་། ཨ་མེ་རི་ཁས་འདེམ་ཤོག་འཕེན་པའི་དབང་ཆ་བསྐྱུར་བ་རེད།

གྲོས་ཆོད་ལས་ད་རུང་ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། ཁོ་ཚོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་འགན་སྲུང་བྱེད་པ་དང་། ཁོ་ཚོའི་སྨན་བཅོས་དང་མི་ཆོས་ཀྱི་དགོས་མཁོ་གཞན་པ་བསྐང་ནས། ཕྱོགས་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་འབྲེལ་ཡོད་འོས་འགན་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན། གྲོས་ཆོད་ལས་ཅཱ་ཧྲ་ས་ཁུལ་ཧྲིལ་བོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཇེ་མང་དུ་གཏོང་དགོས་པ་དང་མི་སེར་དཀྱུས་མའི་སྲུང་སྐྱོབ་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཟེར། གྲོས་ཆོད་ལས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ནས། ཅཱ་ཧྲ་ས་ཁུལ་དུ་གཞི་རྒྱ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་ཀྱི་བཀག་རྒྱ་ཡོད་ཚད་གཙང་སེལ་བྱེད་དགོས་པའི་རེ་བ་བཏོན།

ཨ་མེ་རི་ཁའི་འཐུས་མིས་བརྡས་གཅོད་བྱས་རྗེས་ཀྱི་འགྲེལ་བརྗོད་རང་བཞིན་གྱི་གཏམ་བཤད་ཁྲོད་དུ་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ་ནི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པ་ནན་བཤད་བྱས་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་བདུན་གཉིས་བརྒྱད་ལ་ཚོད་འཛིན་ནུས་པ་མེད་ཟེར། ཨ་མེ་རི་ཁས་དེའི་སྔོན་ཐེངས་མང་བོར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་ཁས་ལེན་མི་བྱེད་པའི་དབང་ཆ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་པའི་སྐོར་གྱི་རེ་བ་དང་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།