ཀུའུ་ཐི་ལོས་སི་ཡིས་ཡང་བསྐྱར་ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མྱུར་དུ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་ལྔ་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མྱུར་དུ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་དགོས་པ་དང་། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མྱུར་མོར་མངོན་འགྱུར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ནས་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་བཀག་རྒྱ་ཡོད་ཚད་མེད་པར་གཏོང་རྒྱུ་ཡིན་པ་དང་། ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་སའི་རྒྱུ་ལམ་སྔར་ལས་མང་བོ་བཙལ་རྒྱུ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མིག་སྔར་ཅཱ་ཧྲ་ས་ཁུལ་དུ་བསྟུད་མར་ཁྲག་བཞུར་འཁྲུག་རྩོད་འབྱུང་བཞིན་པའི་གནས་ཚུལ་འོག རྒྱུན་མཐུད་ཐུབ་པའི་མི་ཆོས་རིང་ལུགས་ཀྱི་ཐག་གཅོད་ཇུས་གཞི་ཞིག་རྙེད་དཀའ། ལྟོགས་སྐོམ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མི་རྣམས་སྡུག་ལ་སྦྱོར་བཞིན་ཡོད་པས་འཐབ་འཁྲུག་དེ་མཚམས་འཇོག་པར་དགོས་གལ་ཆེ་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྐྱར་སྒྲོག་བྱས་དོན། ངེས་པར་དུ་ཕཱ་ལེ་སི་ཐན་གྱི་མི་དང་དབྱི་སི་རལ་གྱི་མིའི་ཁྲིམས་མཐུན་བདེ་འཇགས་ཀྱི་དགོས་མཁོ་བསྐང་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་བརྟེན་ན་ད་གཟོད་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དུས་གཏན་དུ་མཇུག་སྒྲིལ་ཐུབ་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཨན་མན་ལྷོ་ཕྱོགས་ས་ཁུལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ཁོངས་སུ་གཏོགས་པའི་བུད་མེད་སློབ་གྲྭ་ཞིག་ལ་འཚམས་འདྲི་བྱས། ཁོས་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་ལ་ཤུགས་སྣོན་པ་དང་གཏན་འཇགས་ལ་སྐུལ་འདེད་་གཏོང་བ། ཞི་བདེ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་དང་། དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་འདོན་སྤྲོད་བྱེད་པའི་ཐུན་མིན་གྱི་ཞབས་ཞུ་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྒྱལ་ཁབ་རེ་འགས་རོགས་སྐྱོར་བྱེད་མཚམས་བཞག་པའི་དབང་གིས་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་མིག་སྔའི་གནས་བབ་དཀའ་སྡུག་ཆེ་བར་མངོན་ཡང་མུ་མཐུད་དུ་བྱ་བ་སྤེལ་བཞིན་ཡོད། སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་རྩ་འཛུགས་དེའི་མི་བརྒྱ་དང་དོན་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རྒྱུས་སྟེང་ལས་བྱེད་མི་སྣ་རྐྱེན་ལམ་དུ་ཤོར་བའི་ཁ་གྲངས་ཆེས་མང་བའི་ཐེངས་ཤིག་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།