ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨ་མེ་རི་ཁའི་ཚན་རྩལ་ཁེ་ལས་ཆེན་པོ་གསུམ་ལ་རྟོག་ཞིབ་བྱས།
2024.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་གཞི་གྲངས་ཚོང་རའི་བཅའ་ཁྲིམས་འཆར་ཟིན་གཞིར་བཟུང་ནས། ཀུའུ་ཀིའི་ཀུང་སི་གཙོ་བོ་གསལ་བྱེད་རེའུ་མིག་དང་། ཀུ་ཤུ་ཀུང་ཟི། དཔེ་གདོང་ཀུང་ཟི་གཙོ་བོ་ཡོན་འདུས་པའི་ཨ་མེ་རི་ཁའི་ཚན་རྩལ་ཁེ་ལས་ཆེན་པོ་གསུམ་གྱི་ཚུལ་མཐུན་མིན་པའི་བྱ་སྤྱོད་ལ་རྟོག་ཞིབ་བྱས་པ་དང་། ཁེ་ལས་དེ་དག་གིས་འབྲེལ་ཡོད་འོས་འགན་ལག་བསྟར་བྱེད་ཐུབ་མེད་པའི་དོགས་གཞི་ཡོད་ཟེར།

དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ད་རུང་ཀུ་ཤུ་ཀུང་ཟིའི་དངོས་བཀོལ་ཚོང་ཁང་གི་དངུལ་བསྡུའི་ཚད་གཞི་གསར་བ་དང་ཡཱ་མཱ་སོན་ཀུང་ཟིའི་ཚོང་དོན་མཁར་དུ་རང་གི་ཐོན་རྫས་གཙོ་བོར་འགྲེམ་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་རྟོག་ཞིབ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་ཀྱི་དུས་ཡུན་ནང་རྟོག་ཞིབ་ལས་རིམ་མཇུག་སྒྲིལ་རྒྱུ་རེད། གལ་ཏེ་གོང་གི་ཁེ་ལས་དེ་དག་ལ་སྒྲིག་འགལ་བྱ་སྤྱོད་ཡོད་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཆེས་མཐོ་ན་སྒྲིག་འགལ་ཁེ་ལས་དེར་འཛམ་གླིང་ཡོངས་ཀྱི་ཚོང་གཉེར་འབོར་གྲངས་ཀྱི་བརྒྱ་ཆའི་བཅུའི་ཆད་གཅོད་བྱས་ཆོག་པ་དང་། ཡང་དང་བསྐྱར་དུ་སྒྲིག་འགལ་བྱས་ན་ཆད་གཅོད་འབོར་གྲངས་དེ་རང་གི་འཛམ་གླིང་ཡོངས་ཀྱི་ཚོང་གཉེར་འབོར་གྲངས་ཀྱི་བརྒྱ་ཆའི་ཉི་ཤུར་མཐོར་འདེགས་བྱས་ཆོག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།