ཁྲའོ་ཞན་གྱིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་གྲོས་མོལ་སྤེལ་བའི་གྲོས་གཞི་བཏོན་པའི་ཐད་ནས་ལངས་ཕྱོགས་གསལ་སྟོན་བྱས།
2024.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཉེ་སྔོན་ཁྲའོ་ཞན་ཕྱོགས་ལ་མྱུར་མོར་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་གྲོས་མོལ་སྤེལ་བའི་བསམ་ཚུལ་བསྟན་པར་དམིགས་ནས། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲིན་གྱིས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཁྲའོ་ཞན་ཕྱོགས་ཀྱི་ལངས་ཕྱོགས་གསལ་སྟོན་བྱས་པ་དང་། འཇར་པན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་ཆེད་ཆབ་སྲིད་ཆོད་དོན་སྤེལ་དགོས་པའི་རེ་བ་བཏོན།

གཏམ་བཤད་ལས་བསྟན་དོན། མགོ་གཙོའི་གྲོས་མོལ་སྤེལ་བའི་བསམ་ཚུལ་བཟུང་བ་ཙམ་གྱིས་རྒྱལ་ཁབ་གཉིས་བར་གྱི་ཡིད་མི་ཆེས་པ་དང་གོ་ལོག་ཞི་འཇགས་སུ་གཏོང་ཐབས་མེད། གལ་ཏེ་འཇར་པན་གྱིས་ཡིན་གཅིག་མིན་གཉིས་ལ་ཁྲའོ་ཞན་གྱི་བདག་དབང་ལ་ཐེ་གཏོགས་བྱེད་ན། འཇར་པན་ཕྱོགས་ཀྱིས་བཏོན་པའི་མགོ་གཙོའི་གྲོས་མོལ་སྤེལ་བའི་གྲོས་གཞི་དེ་ནི་ཆབ་སྲིད་ཀྱི་ཚུལ་ཆོས་བྱ་སྤྱོད་ཅིག་རེད་ཟེར།

ཅིན་ཡུས་ཀྲིན་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། གལ་ཏེ་འཇར་པན་ཕྱོགས་ཀྱིས་ཁྲའོ་ཞན་དགྲ་རུ་འཛིན་པ་དང་དེའི་བདག་དབང་ལ་གནོད་སྐྱེལ་ན། ཁྲའོ་ཞན་གྱིས་ཀྱང་དགྲ་རུ་འཛིན་ངེས་ཡིན། གལ་ཏེ་འཇར་པན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བསྐྱར་འཛུགས་བྱེད་དགོས་ན། ཆབ་སྲིད་ཀྱི་ཆོད་དོན་སྤེལ་དགོས་ལ། རྒྱལ་ཁབ་རང་གི་སྤྱི་ཡོངས་ཁེ་ཕན་དང་འཚམ་པའི་འཐབ་ཇུས་གདམ་གསེས་བྱེད་དགོས་ཟེར།

ཅིན་ཡུས་ཀྲིན་གྱིས་བཤད་རྒྱུར། གལ་ཏེ་འཇར་པན་ཕྱོགས་ཀྱིས་དྲང་བདེན་དང་འདྲ་མཉམ་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྲའོ་ཞན་གྱི་བདག་དབང་དང་བདེ་འཇགས་ཁེ་ཕན་ལ་བརྩི་འཇོག་བྱེད་ན། ཁྲའོ་ཞན་གྱིས་རང་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་དེས་འཇར་པན་གྱི་བདེ་འཇགས་ཐད་འཇིགས་ཉེན་གཏན་ནས་འབྱུང་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།