ཁྲའོ་ཞན་གྱིས་ཁྲའོ་ཞན་དང་འཇར་པན་གྱི་འབྲེལ་འདྲིས་དང་རྩོད་གླེང་དང་ལེན་མི་བྱེད་པའི་ཚུལ་བསྟན།
2024.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་ཅིན་ཡུས་ཀྲིན་གྱིས་ཉིན་དེར་ཁྲའོ་ཞན་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་མདུན་ལྗོངས་ཐད་ནས་གཏམ་བཤད་གསར་བ་སྤེལ་ཏེ། ཁྲའོ་ཞན་ཕྱོགས་ཀྱིས་འཇར་པན་བར་འབྲེལ་འདྲིས་དང་རྩོད་གླེང་གང་རུང་བྱེད་པ་དང་ལེན་བྱེད་མི་སྲིད་པའི་ཚུལ་བསྟན།

བསྒྲགས་པ་ལྟར་ན། ཅིན་ཡུས་ཀྲིན་གྱིས་གཏམ་བཤད་སྤེལ་ཏེ། འཇར་པན་གྱི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་དཔོན་པོས་ཚེས་ཉེར་ལྔ་ཉིན་འཇར་པན་གྱིས་ཁྲའོ་ཞན་གྱིས་འཇར་པན་བ་བཙན་ཁྲིད་བྱས་པའི་གནད་དོན་གྱི་ཐག་གཅོད་ལངས་ཕྱོགས་དང་ལེན་བྱེད་མི་སྲིད་གསལ་བོར་བསྟན་པར་མ་ཟད། འཇར་པན་ཕྱོགས་ཀྱིས་ད་རུང་དེར་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ཉིང་རྡུལ་འཕུར་མདའི་གནད་དོན་གླེང་ནས། ཁྲའོ་ཞན་ཕྱོགས་ཀྱིས་ལུགས་མཐུན་རང་སྲུང་བྱེད་པའི་དབང་ཆ་དེ་གནད་དོན་དུ་བརྩིས་ནས་ལུགས་མེད་ཀྱིས་ཐེ་གཏོགས་བྱེད་འདོད་པ་རེད་ཟེར།

ཅིན་ཡུས་ཀྲིན་གྱིས་བཤད་རྒྱུར། འཇར་པན་གྱིས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་བརྩོན་ལེན་བྱེད་པ་དང་། ཁྲའོ་ཞན་དང་འཇར་པན་གྱི་འབྲེལ་བའི་རྣམ་པ་གསར་བ་བསྐྲུན་པའི་སྤོབས་པ་གཏན་ནས་མེད་ལ། འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་ཁྲའོ་ཞན་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་ཐད་ཀྱི་གཏམ་བཤད་དེ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཁོ་ནའི་ཆེད་དུ་རེད་ཟེར།

ཅིན་ཡུས་ཀྲིན་གྱིས་ནན་གྱིས་བསྟན་དོན། ཁྲའོ་ཞན་སྲིད་གཞུང་གིས་འཇར་པན་གྱི་རྣམ་འགྱུར་དེར་ཡང་བསྐྱར་རྒྱུས་ལོན་གསལ་བོ་བྱུང་ཡོད་པ་དང་། འཇར་པན་ཕྱོགས་བར་འབྲེལ་འདྲིས་དང་རྩོད་གླེང་གང་རུང་དང་ལེན་མི་བྱེད་པ་ནི་དེ་ལས་བྱུང་བའི་སྡོམ་ཚིག་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།