དབྱི་ལིང་གི་དམག་དོན་བློ་འདོན་པ་ཞིག་སི་རི་ཡཱ་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།
2024.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཉིན་དེའི་ཞོགས་པར་ཨ་མེ་རི་ཁས་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱེད་སྐབས། དབྱི་ལིང་གི་དམག་དོན་བློ་འདོན་པ་ཞིག་བསད་ཟེར།

བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་དམག་དོན་བློ་འདོན་པ་དེ་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་མི་ཝ་ཧི་ཏིས་རེད་ཟེར།

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ས་ཁུལ་མང་བོར་ཉིན་དེའི་ཞོགས་པར་ཨ་མེ་རི་ཁའི་བར་སྣང་འཇབ་རྒོལ་ཐེབས་ཏེ། མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཉིས་ལ་རྨས་ཕོག སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྟན་དོན། ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཏའེ་ཨར་ཙུའུ་ཨར་གྲོང་ཁྱེར་དང་པུའུ་ཁཱ་མེད་ལེ་གྲོང་ཁྱེར་གྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་ཐེབས་ཏེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར། དེའི་ནང་སི་རི་ཡཱ་རུ་དམག་དོན་བློ་འདོན་པའི་འགན་ཁུར་བའི་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་དམག་དཔོན་གཅིག་དང་དབྱི་རག་གི་མི་དགུ་འདུས་ཟེར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་སི་རི་ཡཱ་ལ་བར་སྣང་འཇབ་རྒོལ་བྱས་པ་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།