དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་བཏང་སྟེ་ཉུང་མཐར་ཡང་མི་ང་ལྔ་རྐྱེན་ལམ་དུ་ཤོར།
2024.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱ་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི་ང་ལྔ་རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་ཅཱ་ཧྲའི་བྱང་ཕྱོགས་ཀྱི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་སྡོད་ཁང་ཞིག་ལ་ཉིན་དེའི་ཞོགས་པར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར། དེ་ལས་གཞན་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ས་ཁུལ་མང་བོར་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་གཅིག་བསྡུས་འགས་གཏོར་ཐེབས་ནས། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཡོད།

གཞན་ཡང་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས་ཉེར་དྲུག་ཉིན་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་ཁང་ཞི་ཧྥ་ལ་དཔུང་འཇུག་བྱས་པར་མ་ཟད། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་དྲག་པོ་བྱས་ཀྱང་། ཤི་རྨས་གནས་ཚུལ་གསལ་བོར་མི་ཤེས་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པ་དང་། དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་སོགས་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་བཏོན་ཡང་། དབྱི་སི་རལ་གྱིས་ཧཱ་མཱ་སིའི་རེ་བ་བསྐང་མི་སྲིད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་མུ་མཐུད་དུ་རང་གི་འཐབ་འཁྲུག་དམིགས་འབེན་ཏེ། ཧཱ་མཱ་སི་ཚར་གཅོད་བྱེད་པ་དང་བཀག་འཇུག་ཐེབས་པའི་དབྱི་སི་རལ་གྱི་མི་ཚང་མ་ཕྱིར་གཏོང་བ། ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་ལ་འཇིགས་ཉེན་བཟོ་མི་སྲིད་པར་ཁག་ཐེག་བྱེད་པ་བཅས་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།