ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་བརྗེ་སྤོར་བྱས།
2024.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་བཀའ་རྒྱ་བཀོད་དེ། ཝུའུ་ཁི་ལན་གྱི་ཕྱི་ཕྱོགས་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ལེ་ཐི་ཝེ་ཉན་ཁི་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བསྐོ་འཇོག་བྱས།

ཙེ་ལེན་སི་ཅི་ཡིས་ཉིན་དེར་བཀའ་རྒྱ་བཀོད་དེ། ཏན་ནེ་ལོ་ཧྥུའུ་ཡི་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་ལས་འགན་བླངས་པ་དང་། དེའི་རྗེས་སུ་ལེ་ཐི་ཝེ་ཉན་ཁིའི་བསྐོ་འཇོག་བཀའ་རྒྱ་བཀོད་པ་རེད།

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཏན་ནེ་ལོ་ཧྥུའུ་ཡིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བའི་ཚེས་གསུམ་ཉིན་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་བ་དང་། ལེ་ཐི་ཝེ་ཉན་ཁི་ཡིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་ཝུའུ་ཁི་ལན་གྱི་ཕྱི་ཕྱོགས་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་བ་རེད། ལེ་ཐི་ཝེ་ཉན་ཁི་ད་ལོར་ལོ་ང་གཅིག་ཡིན་པ་དང་། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་དང་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་འཐབ་ཇུས་ཞིབ་འཇུག་ཁང་སོགས་ལས་ཁུངས་སུ་ལས་འགན་ཁུར་མྱོང་།


བསོད་ནམས་ཚེ་རིང་གིས་བསྒྱུར།