ཨུ་རུ་སིའི་ཁྲིམས་ཁང་གིས་འཇིགས་སྐུལ་འཇབ་རྒོལ་གྱི་དོགས་གཞིའི་དབང་གིས་ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་བདེ་འཇགས་ཅུའུ་ཀྲང་འཛིན་བཟུང་བྱེད་རྒྱུ་རེད།
2024.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐཱ་སི་གསར་འགྱུར་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་མའོ་སི་ཁོའི་པཱ་སི་མན་ས་ཁུལ་གྱི་ཁྲིམས་ཁང་གིས་འཇིགས་སྐུལ་འཇབ་རྒོལ་གྱི་དོགས་གཞིའི་དབང་གིས་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་ཅུའུ་ཀྲང་མཱ་ལིའུ་ཁི་འཛིན་བཟུང་བྱེད་རྒྱུ་རེད།

ཁྲིམས་ཁང་གིས་བསྒྲགས་པ་ལྟར་ན། མཱ་ལིའུ་ཁིའི་འཛིན་བཟུང་ཡུན་ཚད་ཁོ་རང་ཨུ་རུ་སིའི་མངའ་ཁོངས་སུ་ཁྲིད་ཡོང་བའམ་ཡང་ན་ཁོ་རང་ཨུ་རུ་སིའི་མངའ་ཁོངས་སུ་འཛིན་བཟུང་བྱས་པའི་སྐབས་ནས་བརྩི་རྒྱུ་ཡིན་ཟེར།

ཁྲིམས་ཁང་གིས་དག་འབུད་བྱས་དོན། མཱ་ལིའུ་ཁིའི་འཛིན་བཟུང་དེ་ཚེས་ཉེར་གཉིས་ཉིན་མའོ་སི་ཁོའི་ཉེ་འདབས་ཀྱི་རོལ་དབྱངས་ཚོམས་ཁང་གི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་འབྲེལ་བ་མེད་ཟེར།

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། མཱ་ལིའུ་ཁི་སྔོན་ཆད་ཝུའུ་ཁི་ལན་དང་ཨུ་རུ་སིའི་ཆབ་སྲིད་པ་དང་མི་སྣ་གྲགས་ཅན་གྱི་ལྐོག་གསོད་ལ་ཞུགས་མྱོང་བའི་ཚུལ་བསྟན་ཡོད། དེ་ལས་གཞན་མཱ་ལིའུ་ཁི་ཡིས་ད་རུང་སྔོན་ཆད་དྲ་ཐོག་ཏུ་གནས་ཚུལ་སྤེལ་ནས། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཨུ་རུ་སིའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་འཇབ་རྒོལ་ལ་ཞུགས་མྱོང་བར་མ་ཟད། ཁི་ལི་མུས་ཡཱ་ཟམ་ཆེན་དང་མཚོ་ནག་ཏུ་འགྲུལ་བཞུད་བྱེད་པའི་གྲུ་གཟིངས་དག་འཇབ་རྒོལ་དམིགས་འབེན་དུ་བྱེད་རྒྱུའི་ཚུལ་བསྟན་མྱོང་ཟེར།

ཉིན་དེར་མའོ་སི་ཁོའི་པཱ་སི་མན་ས་ཁུལ་གྱི་ཁྲིམས་ཁང་གིས་ད་རུང་ཀི་ལུའུ་ཅི་ཡཱའི་སྤྱི་དམངས་དབྱེ་ནཱ་སཱ་ལི་ཙེ་འཛིན་བཟུང་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཉེས་མིང་ནི་ཁི་ལི་མུས་ཡཱ་ཟམ་ཆེན་ལ་འཇིགས་སྐུལ་འཇབ་རྒོལ་བྱས་མྱོང་བ་རེད་ཟེར།