ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ཐབས་ཇུས་ལྟེ་གནས་སོགས་དམིགས་འབེན་མང་བོར་གཅིག་བསྡུས་ཆམ་ཕབ་བཏང་བའི་ཚུལ་བསྟན།
2024.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་ཉིན་གཅིག་གི་ནང་། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ཐབས་ཇུས་ལྟེ་གནས་སོགས་དམག་དོན་དམིགས་འབེན་མང་བོར་གཅིག་བསྡུས་ཆམ་ཕབ་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་གནད་འཁེལ་གྱི་རྒྱང་འཕེན་རྒྱ་མཚོའི་རྟེན་གཞི་དང་སྐམ་སའི་རྟེན་གཞིའི་མཚོན་ཆ་དང་། མི་བསྡད་མེད་པའི་གནམ་གྲུ་སོགས་སྒྲིག་ཆས་བེད་སྤྱད་དེ། ཝུའུ་ཁི་ལན་གྱི་ཐབས་ཇུས་ལྟེ་གནས་དང་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་སྒྲིག་ཆས། དམག་དོན་བཟོ་ལས་ཕྱོགས་བསྡུས་ཚོགས་པ། ཝུའུ་ཁི་ལན་གྱི་དམག་དཔུང་དང་ཕྱི་རྒྱལ་གྱི་གླས་དམག་སྡོད་ས་བཅས་ལ་གཅིག་བསྡུས་ཆམ་ཕབ་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དམིགས་འབེན་ཚང་མར་ཕོག་ཡོད་པ་དང་། དེ་ལས་གཞན་ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་འདས་པའི་ཉིན་གཅིག་གི་ནང་ཝུའུ་ཁི་ལན་གྱི་མི་བསྡད་མེད་པའི་གནམ་གྲུ་བརྒྱ་དང་སོ་གཅིག་གཏོར་བཤིག་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།