དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གྱིས་ཕཱ་ལེ་སི་ཐན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
2024.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཚེས་ཉེར་དྲུག་ཉིན་བསྟན་དོན། དབྱི་ལིང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཧཱ་མཱེ་ནེ་དབྱེ་ཡིས་ཉིན་དེར་ཏི་ཧེ་ལན་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་མགོ་ཁྲིད་པ་ཧཱ་ནེ་ཡཱ་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་བྱུང་བའི་རིགས་རྒྱུད་ཚར་གཅོད་བྱེད་པའི་བྱ་སྤྱོད་དེར་རྒྱུ་འབྲས་ཀྱི་སེམས་ལྡན་པའི་མི་སུ་ཡིན་ཡང་ཁོང་ཁྲོ་ཆེན་པོ་སྐྱེས་སྲིད་ལ། དབྱི་སི་རལ་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་ཏུ་ཉེས་སྤྱོ་དྲག་ཤུགས་བཟོས་ཡོད་ཟེར།

ཧཱ་ནེ་ཡཱ་ཡིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་འགོག་རྒོལ་སྟོབས་ཤུགས་ཆེན་པོ་ཡོད་ལ། དགྲ་བོའི་གཡོ་ཇུས་འགྲུབ་ཏུ་འཇུག་མི་སྲིད་ཟེར། ཉིན་དེར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཀྱང་ཧཱ་ནེ་ཡཱ་དང་གྲོས་མོལ་བྱས།

ཧཱ་ནེ་ཡཱ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་རེ་བ་བཏོན་པའི་གྲོས་ཆོད་ལས་དབྱི་སི་རལ་གྱི་བཙན་བཟུང་བྱ་སྤྱོད་དེར་སྔར་མེད་ཀྱི་ཆབ་སྲིད་ཁེར་འབུད་བྱེད་བཞིན་ཡོད་ལ། ཨ་མེ་རི་ཁས་རང་ཉིད་ཀྱི་འདོད་བློ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མགོར་བཙན་པོ་གཉའ་འཇོག་བྱེད་མི་རུང་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།