ཀྲུང་གོ་དང་དབྱི་ཐཱ་ལེའི་སྐྱེ་དངོས་སྣ་མང་ཅན་གྱི་ཚོགས་ཆེན་སྐབས་ཐོག་མ་རོ་མཱ་ནས་བསྡུས།
2024.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོ་དང་དབྱི་ཐཱ་ལེའི་སྐྱེ་དངོས་སྣ་མང་ཅན་གྱི་ཚོགས་ཆེན་སྐབས་ཐོག་མ་ཚེས་ཉེར་དྲུག་ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་བསྡུས། ཀྲུང་གོའི་ཚན་རིག་གླིང་གི་ཞིབ་འཇུག་མི་སྣས་གྲུབ་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་། དབྱི་ཐཱ་ལེའི་སྲིད་གཞུང་དང་ཚན་རིག་ལས་རིགས་ཀྱི་མི་སྣས་མཉམ་དུ་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པའི་ཉམས་མྱོང་བརྗེ་རེས་བྱས།

དབྱི་ཐཱ་ལེའི་རྒྱལ་ཁབ་སྐྱེ་དངོས་སྣ་མང་ཅན་གྱི་མ་འོངས་ལྟེ་གནས་ཀྱི་ཀྲུའུ་ཞི་ཧྥེ་ཨོ་ལོན་ཏིས་ནོའུ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། དབྱི་ཐཱ་ལེའི་རྒྱལ་ཁབ་སྐྱེ་དངོས་སྣ་མང་ཅན་གྱི་མ་འོངས་ལྟེ་གནས་དང་ཀྲུང་གོའི་ཚན་རིག་གླིང་བར་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པའི་ཐད་ཐུན་མོང་གི་ལྟ་ཚུལ་མང་བོ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ལས་ཁུངས་བར་གྱི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་སྲིད་པར་ཡིད་ཆེས་ཡོད་ཟེར།

ཧྥེ་ཨོ་ལོན་ཏིས་ནོའུ་ཡིས་བཤད་རྒྱུར། ཀྲུང་གོ་དང་དབྱི་ཐཱ་ལེའི་སྐྱེ་དངོས་སྣ་མང་ཅན་གྱི་ཚོགས་ཆེན་ནི་མཉམ་ལས་ཀྱི་གོམ་པ་དང་པོ་ཙམ་མ་ཡིན་ལ། ང་རང་ཕྱོགས་གཉིས་ཀྱིས་ཚན་རིག་མཉམ་ལས་ཀྱི་རྩེར་སོན་གྲུབ་འབྲས་ལོན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

དབྱི་ཐཱ་ལེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་མགོ་བ་ཧྲིན་ཅན་ལེ་ཡིས་བསྟན་དོན། ཀྲུང་གོ་དང་དབྱི་ཐཱ་ལེའི་སྐྱེ་དངོས་སྣ་མང་ཅན་གྱི་ཚོགས་ཆེན་བསྡུས་པ་ལས་རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པ་ལྷན་དུ་འཛོམས་ནས་འདོད་བློ་མཉམ་སྤྱོད་བྱེད་དུ་བཅུག་ཡོད་པ་དང་། དེ་ལས་ཕན་ཚུན་རྒྱུས་ལོན་དང་ཐུན་མོང་ལྟ་ཚུལ་རྒྱ་བསྐྱེད་པར་ཤུགས་སྣོན་བྱས་ནས། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པར་སྔར་ལས་བཟང་བའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་ཐུབ་ཟེར།

ཚོགས་ཆེན་དེ་ཚེས་ཉེར་བརྒྱད་ཉིན་གྲོལ་རྒྱུ་ཡིན་པ་དང་། ཚོགས་ཡུན་ཉིན་གསུམ་གྱི་གྲོས་རིམ་ནང་། ཀྲུང་གོ་དང་དབྱི་ཐཱ་ལེའི་ཆེད་མཁས་པ་བཅུ་ཕྲག་འགའ་ཡིས་རྒྱལ་ཁབ་གཉིས་ཀྱི་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པའི་མཉམ་ལས་མདུན་ལྗོངས་ཐད་ལ་གྲོས་བསྡུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།