སུའུ་ཏན་དྲག་ཆས་དམག་དཔུང་གིས་རྒྱལ་སའི་ནང་རིམ་ས་ཁུལ་ཚོད་འཛིན་བྱས་ཡོད་པའི་ཚུལ་བསྟན།
2024.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་བསྟན་དོན། རྒྱལ་སའི་ནང་རིམ་ནུབ་ངོས་ཀྱི་ཝུའུ་པཱ་ཏཱ་ས་ཁུལ་བཙན་བཟུང་བྱེད་པའི་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ཕམ་ཉེས་སུ་བཏང་སྟེ། ས་ཁུལ་དེར་ཡོངས་སུ་ཚོད་འཛིན་བྱས་ཡོད་པ་དང་། མུ་མཐུད་དུ་ནུབ་ཕྱོགས་ས་ཁུལ་དུ་དཔུང་འཇུག་བྱེད་རྒྱུ་ཡིན་ཟེར། དོན་དེའི་ཐད་ནས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་རྣམ་འགྱུར་ཅི་ཡང་བསྟན་མེད།

དེ་ལས་གཞན་ཉེ་སྔོན་སུའུ་ཏན་དབུས་ཕྱོགས་ཀྱི་ཅེ་ཅི་ལཱ་མངའ་སྡེ་དང་སིན་ནཱ་ཨར་མངའ་སྡེ་སོགས་ས་ཁུལ་མང་བོར་དྲག་ཆས་ཉེས་ཅན་གྱིས་གྲོང་སྡེ་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་མང་དུ་བྱུང་། སུའུ་ཏན་དམངས་ཁྲོད་རྩ་འཛུགས་འགོག་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཟླ་འདིའི་ཚེས་བཅུ་གཅིག་ཉིན་གྱི་ཚུན་ལ། ཅེ་ཅི་ལཱ་མངའ་སྡེ་རུ་གྲོང་སྡེ་ཉེར་བརྒྱད་ལ་འཇབ་རྒོལ་ཐེབས་ནས། མི་སེར་དཀྱུས་མ་ཞེ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།