མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་སྙན་ཞུ་ལས་ཅཱ་ཧྲའི་སློབ་གྲྭ་ཉིས་བརྒྱ་དང་བཅུ་གཉིས་ལ་དབྱི་སི་རལ་གྱི་འགས་གཏོར་ཐེབས་ཡོད་པའི་ཚུལ་བསྟན།
2024.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་ཉེར་བདུན་ཉིན་སྤེལ་བའི་སྙན་ཞུ་ལས་བསྟན་དོན། སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་དྲག་པོ་བཏང་བ་ལས་ཐད་ཀར་དུ་སློབ་གྲྭ་ཉིས་བརྒྱ་དང་བཅུ་གཉིས་ལ་གནོད་པ་ཐེབས་ཡོད་ཟེར།

བྱིས་པའི་ཐེབས་རྩ་ཚོགས་པས་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱི་སློབ་གསོའི་ཚོགས་པ་དང་བྱིས་པའི་རྒུད་སྐྱོབ་ཚོགས་པ་གཉིས་དང་མཉམ་འབྲེལ་གྱིས་སྤེལ་བའི་སྙན་ཞུ་ལས་བསྟན་དོན། དབྱི་སི་རལ་གྱིས་མཚོ་སྐམ་མཁའ་གསུམ་ནས་ཅཱ་ཧྲའི་ས་ཁུལ་མང་ཆེ་བར་འགས་གཏོར་དྲག་པོ་བཏང་བ་དང་། དེའི་ནང་སློབ་གྲྭའི་སྒྲིག་ཆས་ལ་འཇབ་རྒོལ་ཐེབས་པའི་སྣང་ཚུལ་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད་ལ། དེ་ལས་ས་དེའི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཇེ་སྡུག་ཏུ་བཏང་ཡོད། འཁོར་སྐར་བརྙན་རིས་ལས་མངོན་པ་ལྟར་ན། འཁྲུག་རྩོད་བྱུང་བའི་ཚུན་ལ། ཉུང་མཐར་ཡང་སློབ་གྲྭ་ང་གསུམ་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་རེད།

སྙན་ཞུ་ལས་བཤད་རྒྱུར། ན་ནིང་ཟླ་བཅུ་བའི་ཚེས་བདུན་ཉིན་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ས་དེར་བཙུགས་པའི་སློབ་གྲྭ་ཕྱེད་ཀའི་ཡན་ལ་འཇབ་རྒོལ་ཐེབས་ཡོད། འཁོར་སྐར་བརྙན་རིས་ལས་མངོན་པ་ལྟར་ན། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནི་ད་ལྟའི་བར་ཤུགས་རྐྱེན་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན་ཞིང་། ས་དེའི་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་གཉིས་ཀྱི་སློབ་ཁང་ལ་ཐད་ཀར་དུ་གཏོར་བརླག་ཐེབས་ཡོད། སྙན་ཞུ་ལས་བལྟས་ན། འཁྲུག་རྩོད་མཇུག་སྒྲིལ་རྗེས། ཅཱ་ཧྲ་ས་ཁུལ་དུ་ཉུང་མཐར་ཡང་སུམ་ཆའི་གཉིས་ཀྱི་སློབ་གྲྭ་བསྐྱར་འཛུགས་དང་གཞི་རྒྱ་ཆེ་བའི་ཞིག་གསོ་བྱེད་དགོས་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།