དབྱི་སི་རལ་དམག་ཕྱོགས་ཀྱིས་ཧཱ་མཱ་སིའི་མཐོ་རིམ་མགོ་ཁྲིད་པ་གཅིག་བསད་པའི་ཚུལ་བསྟན།
2024.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་སྐབས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་ཞིག་བསད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་ཞི་ཧྥ་སྨན་ཁང་གི་དམག་དོན་འགུལ་སྐྱོད་ཅིག་གི་ཁྲོད་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་རྩ་འཛུགས་སིང་ཁཱ་སྟོང་ཤོག་གི་མཁོ་འདོན་དང་མི་དོན་གྱི་འགན་ཁུར་བའི་མཐོ་རིམ་མགོ་ཁྲིད་པ་ལཱ་ཨ་ཏི་སཱ་པཱ་ཐི་བསད་པ་དང་། མི་དེ་ཧཱ་མཱ་སིའི་མཐོ་རིམ་དཔོན་པོའི་མདུན་གྲལ་གྱི་ཨང་བཅུ་བའི་ནང་ཚུད་ཡོད་ལ། ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་མགོ་ཁྲིད་པ་ཡེ་ཧེ་ཡཱ་ཞིན་ཝ་ཨར་སོགས་ཀྱི་བར་འབྲེལ་འདྲིས་ཟབ་མོ་ཡོད་ཟེར། ཧཱ་ཅ་ལི་ཡིས་བཤད་རྒྱུར། ཚོད་དཔག་བྱས་ན་ཞི་ཧྥ་སྨན་ཁང་ནས་སྔར་ལས་མང་བའི་ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་རྙེད་སྲིད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས་ཉེར་བརྒྱད་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་བསྟུད་མར་ཉིན་འགའི་རིང་ལ་ཞི་ཧྥ་སྨན་ཁང་དང་དེའི་ཉེ་འཁོར་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་དང་། རྒུད་སྐྱོབ་མི་སྣ་དག་ཡུལ་དངོས་སུ་བགྲོད་ཐབས་མེད་པས་ཤི་རྨས་ཐེབས་པའི་གནས་ཚུལ་གསལ་བོར་མི་ཤེས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།